1421

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:37, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གསང་བ་འདུས་པའི་རྫོགས་རིམ་གྱི་དོན་བསྡུ
Tibetan Definition (གསང་སྔགས) དཔལ་གསང་བ་འདུས་པའི་རྫོགས་རིམ་ལ་ལྔ། སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད། གཞི་དངོས་པོའི་གནས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་དང་ལྔའོ། །གཞི་དངོས་པོའི་གནས་ཚུལ་ལ། ལུས་ཀྱི་གནས་ཚུལ། སེམས་ཀྱི་གནས་ཚུལ། ལུས་སེམས་ཐུན་མོང་བའི་གནས་ཚུལ་དང་གསུམ། ལུས་དངོས་པོའི་གནས་ཚུལ་ལ། རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ་དང་གསུམ། ཕྲ་བ་ལ། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་སོ། །ལམ་བགྲོད་པའི་རིམ་པ་ལ་དྲུག་སྟེ། (བསྐྱེད་རིམ་ནི་སྔགས་ལམ་གྱི་ཚོགས་ལམ་ཡིན་ལ) ༡ ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན། (ལུས་དབེན་སྔགས་ལམ་གྱི་སྦྱོར་ལམ་དྲོད) ༢ ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན། (ངག་དབེན་སྦྱོར་ལམ་རྩེ་མོ) ༣ སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན། (སེམས་དབེན་སྦྱོར་ལམ་བཟོད་པ) ༤ ཀུན་རྫོབ་སྒྱུ་ལུས་ཀྱི་རྫོགས་རིམ། (མ་དག་པའི་སྒྱུ་ལུས་སྦྱོར་ལམ་ཆོས་མཆོག) ༥ དོན་དམ་འོད་གསལ་གྱི་རྫོགས་རིམ། (དོན་གྱི་འོད་གསལ་ཐེག་ཆེན་གྱི་མཐོང་ལམ) ༦ དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་དང་དྲུག་གོ། (སློབ་པའི་ཟུང་འཇུག་སྒོམ་ལམ་དང་། མི་སློབ་པའི་ཟུང་འཇུག་མི་སློབ་ལམ་ཡིན་པ་བཅས་སོ) རྫོགས་རིམ་རིམ་ལྔ་ནི་ལུས་དབེན་ངག་དབེན་དུ་བསྡུས་ནས་ལྷག་མ་ལྔ་ལ་རིམ་ལྔ་ཟེར་རོ། །ལུས་དབེན་ལ་བསྐྱེད་རིམ་པའི་ལུས་དབེན་དང་། རྫོགས་རིམ་པའི་ལུས་དབེན་གཉིས་ཡོད། བསྲེ་བ་སྐོར་དགུ་ནི། སད་དུས་ཀྱི་བསྲེ་བ་སྐོར་གསུམ། གཉིད་དུས་ཀྱི་བསྲེ་བ་སྐོར་གསུམ། འཆི་དུས་ཀྱི་བསྲེ་བ་སྐོར་གསུམ་དང་དགུའོ། །དེ་ཡང་སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། སད་དུས་ཀྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ། སད་དུས་ཀྱི་ལོངས་སྐུ་ལས་ལངས་པ་སྤྲུལ་སྐུ་དང་བསྲེ་བ་དང་གསུམ། གཉིས་པ་ལ་གཉིད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ། རྨི་ལམ་ལོངས་སྐུ་དང་བསྲེ་བ། གཉིད་སད་པ་སྤྲུལ་སྐུ་དང་བསྲེ་བ་དང་གསུམ་མོ། །གསུམ་པ་ལ་འཆི་བ་འོད་གསལ་ཆོས་སྐུ་དང་བསྲེ་བ། བར་དོ་ལོངས་སྐུ་དང་བསྲེ་བ། སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ་དང་གསུམ་མོ། །༼རིམ་པ་དང་པོ་ལུས་དབེན་ནི༽ སྙིང་གའི་སྣ་རྩེར་ (སྙིང་གའི་སྣ་རྩེ་ཞེས་པ་སྙིང་གའི་རྩ་འཁོར་གྱི་རྩ་མདུད་ཀྱི་དབུས་ལ་ཟེར) སྔགས་ཀྱི་ཐིག་ལེའི་སྲོག་རྩོལ། གདོང་གི་སྣ་རྩེར་ (གདོང་གི་སྣ་རྩེ་ཞེས་པ་སྨིན་མཚམས་ཀྱི་དབུས་ཀྱི་རྩ་དབུ་མའི་ཡར་སྣེ་ལ་ཟེར) འོད་ཀྱི་ཐིག་ལེའི་སྲོག་རྩོལ། གསང་བའི་སྣ་རྩེར་ (གསང་བའི་སྣ་རྩེ་ནི་རྩ་དབུ་མའི་མར་སྣེའམ་ཕོ་མོའི་རྟགས་ཀྱི་རྩེ་ལ་ཟེར) རྫས་ཀྱི་ཐིག་ལེའི་སྲོག་རྩོལ་དང་གསུམ་མོ། །༼ རིམ་པ་གཉིས་པ་ངག་དབེན་ནི ༽ ཕྱིའི་རྐྱེན་ལས་རྒྱ་དང་། ནང་གི་རྐྱེན་ཁྱབ་བྱེད་ཀྱི་རླུང་ལ་རྡོར་བཟླས་དང་། རྗེས་གཞིག་འདྲ་བའི་རླུང་གི་དུས་རིམ་དང་སྙིང་ཁའི་བུམ་པ་ཅན་ནོ། །༼ རིམ་པ་གསུམ་པ་སྒྱུ་ལུས་ནི ༽ ཀུན་རྫོབ་སྒྱུ་ལུས་ཀྱི་དཔེ་བཅུ་གཉིས་ཏེ། སྒྱུ་མ་ཆུ་ཟླ་མིག་ཡོར་གསུམ། །རྨི་ལམ་སྨིག་སྒྱུ་བྲག་ཆ་དྲུག །དྲི་ཟ་མིག་འཕྲུལ་འཇའ་མཚོན་དགུ། །ཆུ་བུར་གློག་དང་སྐུ་བརྙན་ཏེ། །སྒྱུ་མའི་དཔེ་ནི་བཅུ་གཉིས་སོ། །རིམ་པ་བཞི་པ་དོན་གྱི་འོད་གསལ་གྱི་རྫོགས་རིམ་ཐོབ་པ། མ་དག་པའི་སྒྱུ་མའི་སྐུ་འོད་གསལ་དུ་དག་པ། གང་ཟག་དེ་འཕགས་པར་སོང་བ། ས་དང་པོའམ་ཐེག་ཆེན་མཐོང་ལམ་ཐོབ་པ། ཉོན་སྒྲིབ་ཀུན་བཏགས་ལྷན་སྐྱེས་གཉིས་ཀའི་དངོས་གཉེན་བར་ཆད་མེད་ལམ་ཐོབ་པ། འོད་གསལ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པ་དྲུག་དུས་མཉམ་པ་ཡིན་ནོ། །རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ། དག་པའི་སྒྱུ་མའི་སྐུ་ཐོབ་པ། ཉོན་སྒྲིབ་སྤངས་པའི་སྤངས་པ་ཟུང་འཇུག་ཐོབ་པ། གང་ཟག་དེ་དགྲ་བཅོམ་པར་གྱུར་པནམ་མཁའ་ཇི་སྲིད་བར་དུ་གནས་པའི་འཇའ་ལུས་རྡོ་རྗེའི་སྐུ་ཐོབ་པ་དྲུག་དུས་མཉམ་མོ། །༼ རིམ་པ་ལྔ་པ་ཟུང་འཇུག་ནི ༽ དེ་འདྲའི་མཉམ་བཞག་དེ་ལས་ལྡང་ནས། ཡང་སྨིག་སྒྱུ་དེ་ནས་འོད་གསལ་བར་དུ་འཆར། འོད་གསལ་དེ་ནི་རྟོགས་པ་ཟུང་འཇུག་ཡིན་པས། སྐུ་དག་པ་སྒྱུ་མའི་སྐུ་དང་ཐུགས་དག་པ་དོན་གྱི་འོད་གསལ་གཉིས་སྐུ་ཐུགས་ངོ་བོ་ཟུང་དུ་འཇུག་པའི་སློབ་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་པའོ། །དེ་ནས་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གང་རུང་ཞིག་ཟླ་བ་དྲུག་གསུམ་བཅོ་བརྒྱད་གང་རུང་སྤྱོད་ཅིང་། སློབ་པ་མཐའ་ཡི་དོན་གྱི་འོད་གསལ་གྱིས་ཤེས་སྒྲིབ་སྤངས་ཏེ། ཁ་སྦྱོར་ཡན་ལག་བདུན་ལྡན་ནམ། དབང་ཕྱུག་བརྒྱད་ལྡན་མི་སློབ་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །ཡན་ལག་བདུན་ནི། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། །ཅེས་གསུངས་སོ། །དབང་ཕྱུག་བརྒྱད་ནི། སྐུ་དང་གསུང་དང་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང་། །ཅི་འདོད་བསྐྱེད་དང་ཡོན་ཏན་དབང་ཕྱུག་བརྒྱད། །ཅེས་གསུངས་སོ། །དཔལ་གསང་འདུས་འཕགས་ལུགས་ཀྱི་རྫོགས་རིམ་གྱི་ས་བཅད་བསྡུས་དོན་རྫོགས་སོ། །