From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ
|
Tibetan Definition
|
སོག་པོའི་རྒྱལ་པོ་འདིས་༡༦༤༢ལོར་གཙང་པ་སྡེ་སྲིད་ཀྱི་སྲིད་གཞུང་གཏོར་ཕམ་བཏང་ནས། བོད་ཀྱི་སྲིད་དབང་ཡོངས་རྫོགས་༸གོང་ས་ལྔ་པ་ཆེན་པོའི་ཕྱག་ཏུ་ཕུལ་ཏེ། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ཤིང་། ཏཱ་ལའི་བླ་མ་དང་དགེ་ལུགས་པའི་ཕྱོགས་ལ་དད་ཞེན་ཧ་ཅང་ཆེ་བའི་རྒྱལ་པོ་ཞིག ཏཱ་ལའི་བླ་མ་ལྔ་པ་ཆེན་པོས་གུ་ཤྲཱི་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས་མཚན་བསྟོད་གནང་། ལོ་རྒྱུས་རྒྱས་པ་ནི། ཨོ་རོད་ཚོ་བཞིར་གྲགས་པའི་ནང་ཚན། ཧོ་ཤོད་ཀྱི་དཔོན་ཧ་ནའི་སྲས། གུ་ཤྲཱི་ཧན་བསྟན་འཛིན་ཆོས་རྒྱལ་ཀྱི་རྒྱལ་པོར་གྲགས་པ་ནི། རབ་བྱུང་བཅུ་པའི་ཆུ་ཕོ་རྟའི་ལོ། ཕྱི་ལོ་༡༥༨༢ལོར་འཁྲུངས། མཚན་ཐོ་རོལ་བའི་ཧུར་ཞེས་བཏགས། གཏེར་སྟོན་དྲི་མེད་ལྷུན་པོའི་ལུང་བསྟན་ལས་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་དུ་བཤད་ཅིང་། སར་གནས་ཀྱི་བྱང་སེམས་ཆོས་རྒྱལ་པོའི་རྣམ་པར་བྱོན་པ་ཞིག་སྟེ། དགུང་ལོ་བཅུ་གསུམ་ལོན་པའི་ཚེ། མགོ་དཀར་གྱི་དམག་ཁྲི་ཕྲག་ཙམ་གྱི་སྟེང་དམག་དཔོན་བྱས་ཏེ་བྱོན་པས་ཕ་རོལ་གྱི་དཔུང་ཚོགས་ཐམས་ཅད་བཅོམ་སྟེ་གཡུལ་ལས་རྣམ་པར་རྒྱལ་བའི་སྙན་པ་ཐོབ། དེ་སྐབས་ཡུལ་དེར་ཆོས་མ་དར་བར་ཡོད་པ་ལས། སོག་པོའི་ཡུལ་གྲུ་གཞན་དག་ཏུ་རྒྱལ་དབང་བསོད་ནམས་རྒྱ་མཚོ་དང་། གསེར་གྱི་རྒྱལ་པོ་མཆོད་ཡོན་ཟུང་གི་བཀའ་དྲིན་ལ་བརྟེན་ནས་དམ་པའི་ཆོས་དར་ཞེས་པའི་ཆོས་ཀྱི་མིང་ཙམ་ཐོས་པར་བརྟེན་དད་པ་ལྷག་པར་འཁྲུངས་ཏེ། ཕྱོགས་དེར་ཕྱག་ཡང་དང་ཡང་དུ་བཙལ་བས་དཔྲལ་བ་སྐྲངས་པ་ཙམ་དུ་གྱུར་ཅེས་གྲགས། དགུང་ལོ་ཉེར་ལྔ་བཞེས་པའི་ཚེ། ཡུམ་གཤེགས་ཏེ་དེའི་དགོངས་རྫོགས་སུ་དབུལ་ཕོངས་རྣམས་ལ་སྦྱིན་གཏོང་རྒྱ་ཆེར་མཛད། བར་སྐབས་ཤིག་ཧལ་ཧ་དང་ཨོ་རོད་གཉིས་ཕན་ཚུན་མ་མཐུན་པར་འཁྲུགས་པ་ཆེན་པོ་བྱུང་བའི་ཚེ། སྙིང་རྗེའི་གཞན་དབང་དུ་གྱུར་ཏེ། ཧལ་ཧའི་ཁྲོད་དུ་ཚམ་ཚོམ་མེད་པར་བྱོན་ནས་ཕན་ཚུན་གྱི་བར་དུ་འདུམ་པར་མཛད། དེ་ལ་སྟོང་འཁོར་ཆོས་རྗེ་དང་། ཧལ་ཧའི་རྒྱལ་བློན་རྣམས་ཤིན་ཏུ་མགུ་སྟེ། ཏའི་ཀཽ་ཤྲཱི་ཞེས་པའི་ཆོ་ལོ་བྱིན། སླར་རང་ཡུལ་དུ་བྱོན། རྒྱལ་བ་བསོད་ནམས་རྒྱ་མཚོ་ལ་ཨོ་རོད་ཀྱི་མི་ཞིག་གིས་མདོ་སྡེ་གསེར་འོད་དམ་པ་ལ་ཕྱག་ནས་ཞུས་པའི་ཚེ། མིང་དྲིས་པར། ཨལ་ཐན་ཀེ་རེ་ལ་ཟེར་ཞུས་པར། དེ་ན་མི་ལོ་ཉི་ཤུ་ན་ཁྱོད་ཀྱི་ཡུལ་དུ་ཆོས་འདི་དར་བར་འགྱུར་རོ་ལུང་བསྟན་པར་ལྟར་སྦྱིན་བདག་མཛད་དེ། གསེར་འོད་དམ་པ་སོགས་ཆོས་མང་དུ་བསྒྱུར་ཅིང་བསྟན་པའི་སྲོལ་བཏོད། ཆ་ཧར་རྒྱལ་པོས་སོག་པོ་ཚོ་ཆེན་དྲུག་གི་ནང་དུ་དུས་འཁྲུག་བསླངས་པར་བརྟེན། ཧལ་ཧའི་ཁྲོད་དུ་འགའ་ཞིག་བྲོས་པར། དབོན་པོ་ཕན་ཚུན་ནང་མ་འཆམས་པའི་རྐྱེན་གྱི་ཧལ་ཧ་ཆོག་ཐུ་རང་ཡུལ་ནས་སྤྱུགས་པ་མཚོ་ཁར་འོངས་ནས། ཨ་མདོའི་ས་ཆ་ནས་མངའ་འོག་ཏུ་བཅུག་སྟེ། རེ་ཞིག་མངའ་ཐང་ཆེ་བར་བྱུང་བས་བསྟན་པ་སྤྱི་དང་། ཁྱད་པར་རི་བོ་དགེ་ལྡན་པའི་བསྟན་པ་ལ་གནོད་པ་ཅི་འཁྱོལ་བྱས་པའི་རྒྱུ་མཚན་རྒྱལ་པོ་འདིའི་སྙན་དུ་སོན་ཏེ། རྗེ་རིན་པོ་ཆེའི་བསྟན་པ་འབའ་ཞིག་གཅེས་པར་དགོངས་ནས་དམག་གི་དཔུང་ཆེན་པོ་དང་བཅས་རང་ཡུལ་ནས་མེ་གླང་ཟླ་བ་དང་པོར་མཚོ་ཁར་བྱོན་ཏེ། གཡུལ་བཀྱེས་པས་ཆོག་ཐུའི་དམག་ཁྲི་ཕྲག་བཞི་དང་བཅས་པ་ལྷག་མ་མེད་པར་བཅོམ་སྟེ། མདོ་སྨད་ཀྱི་ཕྱོགས་མཐའ་དག་མངའ་འོག་ཏུ་བསྡུས། དེ་ནས་རྒྱལ་བ་ཡབ་སྲས་མཇལ་བའི་ཆེད་དུ་དབུས་སུ་བྱོན། ༸རྒྱལ་མཆོག་ལྔ་པ་ཆེན་པོ་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས་ཞལ་མཇལ་ཏེ་གཙུག་ཏུ་རྒྱན་དུ་བསྟེན། དགའ་ལྡན་དུ་མཇལ་བར་བྱོན་པའི་ཚེ། དེ་དགོང་ཉེར་བདུན་ཡིན་ནའང་སྲོད་ཀྱི་དུས་རྡེའུ་ཕྲ་མོ་ཡང་མཐོང་བའི་འདུན་ས་ཤིན་ཏུ་དཀར་བ་བྱུང་བས་བསྟན་སྲིད་མཐའ་དག་དཀར་འཇམ་དུ་འགྱུར་བའི་རྟེན་འབྲེལ་འགྲིག དེ་ནས་གླང་ལོའི་དགུན་ཕྱིར་མཚོ་ཁར་བྱོན། བར་ཁམས་སུ་བེ་རི་རྒྱལ་པོ་དོན་ཡོད་སངས་རྒྱས་བསྟན་པ་ལ་ཤིན་ཏུ་གནག་ཅིང་། བོན་གྱི་རིང་ལུགས་ཁོ་ན་གཙོ་བོར་མཆོད་པའི་རྒྱུ་མཚན་གསན་ཏེ། ས་ཡོས་ཧོར་ཟླ་ལྔ་པའི་ནང་དཔུང་གི་ཚོགས་དང་བཅས་པ་བེ་རིའི་སྟེང་དུ་བྱོན། མངའ་འབངས་སུ་ཕལ་ཆེར་བླངས། བེ་རི་རྒྱལ་པོ་ཕྱོགས་གཞན་དུ་བྲོས་པ་ལྕགས་འབྲུག་ཟླ་བ་བཅུ་གཅིག་པའི་ཉེར་ལྔ་ལ་བཟུང་སྟེ་ཁྲི་མོན་དུ་བཅུག ས་དགེ་ཀར་འབྲུག་སྟག་ལུང་སོགས་ཀྱི་བླ་དཔོན་བཙོན་དུ་ཆུད་པ་རྣམས་ཀྱང་བཏོན་ཏེ་རང་གནས་སུ་བསྐྱལ། འཇང་རྒྱལ་པོ་ཚུན་ཆད་ཀྱི་སྐྱེ་དགུ་རྣམས་ཀྱིས་དཔྱ་ཁྲལ་འབུལ་ཞིང་གུས་འདུད་ལྷུར་བླངས། དེའི་ཚེ་དབུས་གཙང་གི་རྒྱལ་པོ་ནི་སྡེ་སྲིད་གཙང་པ་ཡིན་ཞིང་། དེས་ཀརྨ་པ་བླ་མཆོད་ཀྱི་གཙོ་བོར་བཟུང་སྟེ། དགེ་ལུགས་ཕྱོགས་ལ་བསམ་སྦྱོར་ལོག་པ་མང་དུ་བྱས་པར་བརྟེན། རྒྱལ་པོ་འདི་དཔུང་གི་ཚོགས་ཆེན་པོ་དང་བཅས་ཏེ་དབུས་གཙང་གི་ཕྱོགས་སུ་བཏེག གཙང་པའི་དཔུང་དམག་མཐའ་དག་བཅོམ་སྟེ་གཙང་པ་རྒྱ་བློན་བཟུང་ནས་དབུས་ཀྱི་སྣེའུ་གཞིས་ཁར་བཙོན་ཁང་དུ་བཅུག་ཅིང་དབུས་གཙང་གི་ཕྱོགས་ཀུན་མངའ་འོག་ཏུ་བསྡུས། བོད་ཆོལ་ཁ་གསུམ་གྱི་རྒྱལ་པོར་གྱུར་ཏེ་བཀའ་ཁྲིམས་ཀྱི་གདུགས་དཀར་པོ་སྲིད་རྩེའི་བར་དུ་འཁོར། དགེ་ལུགས་ལ་ལོག་པར་འཁུ་བའི་མི་བསྲུན་སྐྱེ་བོ་ཐམས་ཅད་ཚར་བཅད། རྒྱ་གར་གྱི་རྒྱལ་པོ་ཁོ་ཞིང་། བལ་པོ་ཡུམ་བུའི་རྒྱལ་པོ། མངའ་རིས་རྒྱལ་པོ་སོགས་མཐའ་ཕྲན་མང་པོས་ཀྱང་ཡུལ་ལུགས་ཀྱི་སྐྱེས་ཕུལ་ཏེ། གནམ་བསྐོས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དབུ་འཕང་དགུང་ལ་རེག་པར་གྱུར་ཏེ། ད་ལྟའི་བར་དུས་དགའ་ལྡན་གནམ་དགའ་ལྡན་དུ་གྲགས་པ་འདི་ཡང་རྒྱལ་པོ་འདིའི་དྲིན་དུ་ཁུམས་སོ། །འདི་ལ་སྲས་བཅུ་ཡོད་པ་ལས། ཏ་ཡན་ཧན་དང་། དེའི་ཚ་བོ་ལྷ་བཟང་གཉིས་ཀྱིས་རིམ་པར་བོད་ཀྱི་རྒྱལ་པོ་བྱས། སྲས་ཐ་ཆུང་ཨ་ཁུ་བཀྲ་ཤིས་པཱ་ཐུར་གྱིས་མཚོ་སྔོན་པོའི་རྒྱལ་པོ་བྱས། དེ་ལྟར་ཀཽ་ཤྲཱི་ཧན་གྱི་བརྒྱུད་པ་དཔོན་ཁག་སོ་སོར་གྱེས་པ་རྣམས་ཀྱང་སྟོབས་འབྱོར་མངའ་ཐང་དང་ལྡན་ཞིང་། གཞན་ལ་ལྟོས་མི་དགོས་པའི་རང་ཚུགས་ཐུབ་པར་ཡོད་ཀྱང་། ཕྱིས་སུ་བསྟན་འཛིན་ཝང་གིས་འཁྲུགས་པ་བསླངས་པར་བརྟེན། ཐམས་ཅད་འཇམ་དབྱངས་གོང་མའི་མངའ་ཞབས་སུ་ཚུད། གོང་ནས་སོ་སོར་ཐོབ་དང་བདག་རྐྱེན་གནང་ཞིང་། ཡབ་མེས་གོང་མའི་སྲོལ་བཞིན་རི་བོ་དགེ་ལྡན་པའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་གུས་མཆོད་དང་རང་རང་གནས་སུ་དགེ་འདུན་གྱི་སྡེ་འཛུགས་པ་སོགས་ཀྱིས་བསྟན་པའི་ཞབས་འདེགས་ལྷུར་ལེན་པར་བྱེད་དོ། །ཞེས་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གྲུབ་མཐར་གསལ་བ་ལྟར་བཀོད། གོང་གསལ་གནས་ཚུལ་ནང་ཐུའུ་བཀྭན་རིན་པོ་ཆེས་སྲིད་དོན་ཐོག་ཞིབ་ཚགས་མ་བྱས་པའི་གནས་ཚུལ་ལྟ་བུར་འགའ་རེ་སྣང་མོད་བཅས་བཅོས་མེད་པར་རང་སོར་བཞག
|