From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཆོ་འཕྲུལ་གསུམ
|
Tibetan Definition
|
<ཏྲིཎི་པྲཏི་ཧཪྻཾ> སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་གསུམ། ཐོག་མར་སྐུའི་སྒོ་ནས་ཆོ་འཕྲུལ་སྣ་ཚོགས་ཀྱིས་གདུལ་བྱའི་ཡིད་འཕྲོག་པར་བྱེད། ཐུགས་ཀྱིས་བསམ་པ་དང་བག་ལ་ཉལ་ཐམས་ཅད་མཁྱེན་པར་མཛད། གསུང་གིས་མོས་ཁམས་དང་མཐུན་པའི་ཆོས་སྟོན་པར་མཛད་པའི་སྒོ་ནས་གདུལ་བྱ་རྣམས་ཐར་པའི་ལམ་ལ་བཀྲི་བར་མཛད་དོ། །དེ་ཡང་རྗེའི་ལེགས་བཤད་གསེར་གྱི་ཕྲེང་བ་ལས། བཅོམ་ལྡན་འདས་དང་པོར་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནམ་མཁའ་ལ་འགྲོ་བ་ལ་སོགས་པས་ཕ་རོལ་ཟིལ་གྱིས་གནོན་ཞིང། དེ་ནས་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་ཁམས་དང་བསམ་པ་དང་བག་ལ་ཉལ་མཁྱེན་ནས་སེམས་ཀྱི་རྒྱུ་བ་བསྟན་པས་དད་པར་བྱེད། དེ་ནས་གསུང་རྗེས་སུ་མཐུན་པའི་གདམས་ངག་སྦྱིན་པའི་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་ལམ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་སོ། །ཞེས་གསུངས་པ་ལྟར་རོ། །བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། ཆོ་འཕྲུལ་དེ་ཉིད་ནི་རྣམ་པ་གསུམ་སྟེ། རྫུ་འཕྲུལ་དང་། གཞན་གྱི་སེམས་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའོ། །ཞེས་འབྱུང་། གོང་དུ་བཤད་པ་དང་གནད་ཀྱི་ཟླ་འོད་ལས་བཤད་པ་གཉིས་ཚིག་རིས་མི་འདྲ་བ་ཙམ་ལས། དོན་ལ་ཁྱད་པར་མེད་པར་སེམས་སོ། །རྒྱས་པར་མཆིམས་མཛོད་དེབ་གཟུགས་༧༠༣དང་། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས་ཤེས་པར་བྱའོ། །སྒྲ་སྦྱོར་བམ་གཉིས་༢༢ལས། ཆོ་འཕྲུལ་གསུམ་ལ། ཏྲིཎིཔྲཏིཧཱརྱཾ་ཞེས་བྱ་བ་ཆོ་འཕྲུལ་གསུམ་ཡིན་ཏེ། ཨཱདེཤནཔྲཏིཧཱརྱཾ་ཞེས་བྱ་བ་ཕ་རོལ་གྱི་སྙིང་ལ་ཅི་སེམས་པ་མཁྱེན་པས་ཇི་སེམས་པ་ཀུན་བརྗོད་པའི་ཆོ་འཕྲུལ་དང་། རྀདྡྷིཔྲཏིཧཱརྱཾ་ནམ་མཁའ་ལ་གཤེགས་པ་དང་། སྐུ་ལུས་མང་པོར་སྤྲུལ་པ་ལ་སོགས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཨ་ནུཤཱསནཱིཔྲ ཏིཧཱརྱཾ་བདེན་པ་གཉིས་ཀྱི་སྒོ་ནས་ཆོས་ཐམས་ཅད་གཏན་ལ་ཕབ་པར་བཀྲོལ་ཏེ་ཕན་ཞིང་རྗེས་སུ་མཐུན་པར་བཤད་པས་ན་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་འདི་གསུམ་ངོ་མཚར་ཆེ་བའི་རྨད་དུ་བྱུང་བས་སེམས་ཅན་མང་པོ་དད་ཅིང་འདུན་པར་མཛད་པས་ན་ཆོ་འཕྲུལ་གསུམ་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །ཆོ་འཕྲུལ་གསུམ་གྱི་སྐོར་རྒྱས་པར་གཟིགས་འདོད་ན། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་༼ ཅ་པའི ༽ནང་ཚན། འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་༣༦ན༦ན་བཞུགས་པས་དེར་བལྟ་བར་བྱའོ། །
|