2460

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇོ་ནང་པ
Tibetan Definition ཇོ་མོ་ནང་པར་གྲགས་པའི་ལྟ་བའི་ཁུངས་གཏུགས་ས་ནི་གངས་ཏི་སེའི་འགྲམ་དུ་གྲུབ་ཆེན་ཡུ་མོ་ཞེས་བྱ་བ་ཏིང་ངེ་འཛིན་དང་མངོན་ཤེས་ཐར་ཐོར་ཡོད་པ་ཞིག་བྱུང་བར་གྲགས་ཤིང་། དེས་དུས་ཀྱི་འཁོར་ལོའི་ཡིག་ཆ་འགའ་ཞིག་ཀྱང་མཛད། ལུགས་དེ་རྒྱས་པར་བྱེད་པ་པོ་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་ཡིན་ལ། ཕྱིས་སུ་ཇོ་ནང་ཀུན་དགའ་གྲོལ་མཆོག་དང་། ཁྱད་པར་དུ་གྲོལ་མཆོག་གི་སྐྱེ་བ་ཏཱ་ར་ནཱ་ཐས་གཞན་སྟོང་གི་ལྟ་བ་སྐྱར་གསོ་མཛད་ནས་འཆད་སྤེལ་དང་ཡིག་འཇོག་ཀྱང་མང་དུ་བརྩམས། རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ། ཇོ་ནང་ལུགས་ཀྱི་བསྟན་བཅོས་དུ་མའི་སྤར་བསྒྲུབས་སོ། །གཞན་སྟོང་གི་ལྟ་བ་ནི་དོན་དམ་བདེན་པ་སྒྲུབ་པ་རང་དབང་བའི་རྟག་པ་ཡིན་པར་འདོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་རྟག་བརྟན་ཐེར་ཟུག་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ་རང་ཆས་སུ་ཡོད་པ་ཞིག་ཏུ་འདོད་དོ། །འདི་ནི་དབུ་སེམས་ཀྱི་ཤིང་རྟ་ཆེན་པོ་མཐའ་དག་གི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་ཞིག་སྟེ། ཡར་འབྲོག་པ་རིན་ཆེན་ཏོག རྗེ་རེད་མདའ་བ། རྗེ་ཙོང་ཁ་པ་ཆེན་པོ་ཡབ་སྲས་སོགས་གངས་ཅན་གྱི་མཁས་པའི་ཡང་རྗེ་རྣམས་ཀྱིས་ལུང་རིགས་བརྒྱ་ཕྲག་གིས་འགོག་པར་མཛད་དོ། །ཇོ་ནང་པའམ་གཞན་སྟོང་གི་ལྟ་བ་ནི་མཁས་གྲུབ་ཀྱི་ཁུངས་གཏུགས་ས་ཅི་ཡང་མེད་པར་རང་མལ་ནས་གློ་བུར་དུ་བརྡོལ་བའི་གྲུབ་མཐའ་ཡིན་པར་ལྕང་སྐྱའི་གྲུབ་མཐར་བཤད་དོ། །འདི་སྐོར་ཞིབ་པར་གཞན་སྟོང་གི་ལྟ་བ་ཞེས་པའི་ཐད་དུ་གཟིགས། སྒྲ་བཤད་ནི། ཇོ་ནང་ཞེས་པའི་ལུང་པ་ནས་ཡིན་པས་ཇོ་ནང་པ་ཞེས་བྱ། ཇོ་ནང་ནི་ཇོ་མོ་ནངཞེས་ཚིག་བསྡུས་པ་ཡིན་ལ། དེ་ནི་གཙང་གི་གཞིས་རྩེའི་ཁུལ་གྱི་ལྷ་རྩེ་རྫོང་ཁོངས་སུ་ཡོད་པར་བཤད་པ་ལྟར་ཡིན་ལ། དེ་ལ་ཇོ་མོ་ནང་ཞེས་བརྗོད་པའི་རྒྱུ་མཚན་ནི། ཡུལ་དེར་སྔོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ཁོང་གི་འཁོར་བཙུན་མ་ཆིག་སྟོང་ཙམ་གནས་དེར་བཞུགས་ནས་ཆོས་འཆད་ཉན་དང་སྒྲུབ་པ་མཛད་པས་ཡུལ་དེ་ལ་ཇོ་མོ་ (ཇོ་མོ་ནི་བུད་མེད་མཆོག་ལའང་འཇུག) ནང་ཞེས་མིང་ཐོགས་པར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དུ་གསལ་བ་ལྟར་ལགས།