2689

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཏཀྵ་ཤི་ལཱ
Tibetan Definition རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཆེན་པོ་ཞིག་གི་མིང་སྟེ། བོད་སྐད་དུ་རྡོ་འཇོག་ཟེར། འདིར་གནའ་བོའི་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་སྙན་གྲགས་ཅན་ཆེ་ཤོས་ཤིག་ཡོད། སློབ་གཉེར་ཁང་འདིར་ཀླད་པའི་གཤག་བཅོས་སོགས་ཚད་མཐོའི་སྨན་དཔྱད་སོགས་སློབ་སའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞིག་ཡིན་པའི་སྐོར་ཟུར་ཙམ་ཞིག་འདུལ་བ་ལུང་དུའང་གསལ། འདི་ལ་ལེགས་སྦྱར་དུ་ཏཀྵ་ཤི་ལཱ་ཟེར་ཞིང་། དེང་སང་ Taxila ཟེར། པ་ཀིསྠན་གྱི་པན་འཇབ་མངའ་སྡེའི་ར་ཝལ་པིན་ཊིའི་རྫོང་ཁོངས་སུ་ཡོད། Rawalpindi District of Punjab province of Pakistan དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས། ལ་ཧོར་ནས་ར་ཝལ་པིན་ཊི་དང་དེ་ནས་གྲུ་ཟན་བཞི་ཙམ་ན་ཏག་སི་ལ་ལ་སླེབས། དེ་ནི་རྡོ་འཇོག་བྱ་བའི་ཡུལ་སྟེ་སྔོན་རྒྱ་གར་གྱི་རིག་གནས་ཀུན་གྱི་འབྱུང་ཁུངས་དང༌། གྲོང་ཁྱེར་དྲུག་གི་རྒྱལ་བུ་རྣམས་ཡོན་ཏན་སློབ་ཏུ་འགྲོ་བའི་ཡུལ་ཡིན། སྨན་པ་འཚོ་བྱེད་གཞོན་ནུས་ཀྱང་དང་པོར་སྨན་འདི་ནས་བསླབས། རང་རེའི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཙམ་ན་ཡུལ་འདིར་བསྟན་པ་རྒྱ་ཆེ་དར་ཞིང༌། ད་ལྟ་ཡང་དྷརྨ་ར་ཛི་ཀིའི་མཆོད་རྟེན་དང་སྔོན་གྱི་དགོན་ཤུལ་མང་པོ། གྲོང་ཁྱེར་ཡོངས་རྫོགས་ཀྱི་ཤུལ་ལ་སོགས་པ་ཡོད་ཅིང༌། དེ་ནས་རྙེད་པའི་སྐུ་བརྙན་རྣམས་དེ་ཀའི་མུ་སིམ་ན་བཞུགས་སོ། །ཏག་སི་ལ་ནས་རི་ལི་བརྒྱུད་དེ་ནུབ་ཏུ་སོང་ན་པིས་ཤྭ་ཝར་ཡང་མི་རིང༌། དེ་ནི་ཐོགས་མེད་སྐུ་མཆེད་འཁྲུངས་གནས་ཡིན། ཞེས་ལས་བཤད་དོ། །འདུལ་བ་ལུང་གཞི་༼ ག་པ ༽ལས། བུ་གལ་ཏེ་དེ་ལྟ་ན་སློབས་ཤིག དེས་སྨན་དཔྱད་བསླབ་པར་བརྩམས་པ་དང༌། དེས་སྨན་དཔྱད་ནི་ལོབས་ན་དེས་ཀླད་པའི་ཐོད་པ་དབྱེ་བའི་དཔྱད་མ་ཤེས་ནས། དེས་རྡོ་འཇོག་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་ཡོད་དེ། དེས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་ཤེས་སོ་ཞེས་ཐོས་ནས། དེ་རྒྱལ་པོའི་དྲུང་དུ་སོང་སྟེ་སྨྲས་པ། ལྷ་རྡོ་འཇོག་ཏུ་མཆིའོ། །ཅི་ཞིག་གི་ཕྱིར་དེ་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་འཚལ་བས་དེ་སློབ་ཏུ་མཆིའོ། །ཞེས་གསུངས་པ་ལྟར་རོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཟས་ལེན་པའི་ལྟུང་བྱེད་ཀྱི་གླེང་གཞིའི་སྐབས་ཀྱི་ལུང་རྣམ་འབྱེད་༼ ཉ་པ ༽༢༡༦ན༣ལས་ཀྱང་། རྡོ་འཇོག་ཅེས་པའི་ཚིག་འདི་འབྱུང་ངོ་། །