From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཉི་ཤུ
|
Tibetan Definition
|
(དབུ་མ) ༡ རང་རིག་འགོག་ལུགས་ཐུན་མོང་མ་ཡིན་པ། ༢ སྔ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་རྩོད་གཞི་ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་ནས་བསྒྲུབ་བྱ་སྒྲུབ་མི་དགོས་པས། རྣམ་འགྲེལ་སོགས་ལས་བཤད་པའི་རང་རྒྱུད་ཀྱི་རྟགས་ཀྱི་རྟགས་སྦྱོར་མི་འདོད་ཅིང༌། ཐལ་འགྱུར་བ་རང་ལུགས་ལ་གཞན་གྲགས་ཀྱི་གཏན་ཚིགས་རང་གྲགས་ཀྱི་གཏན་ཚིགས་ཟེར་བ་དོན་གཅིག་པས། གཞན་གྱི་ཁས་བླང་ལ་འཁྲིས་ནས་བསྒྲུབ་བྱ་སྒྲུབ་པའི་སྦྱོར་ངག་གམ་ཐལ་འགྱུར་ཏེ་དེ་རེས་ཀྱང་དེ་ཁོ་ན་ཉིད་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་རྗེས་དཔག་བསྐྱེད་ནུས་སུ་བཞེད་པ། ༣ དོན་དམ་དཔྱོད་པའི་རིགས་ངོར་མི་དམིགས་ཤིང་ཐ་སྙད་དཔྱོད་པའི་བློ་ངོར་ཇི་ལྟར་བྱས་ཀྱང་དགག་མི་ནུས་པས་བློས་ཕར་བཏགས་ཙམ་གྱི་ཕྱི་དོན་ཡོད་པར་འདོད་པ། ༤ ཐེག་པ་གསུམ་པོ་ཐམས་ཅད་ཀྱི་རང་རང་གི་ཚོགས་ལམ་འབྲིང་ཐོབ་ནས་ཐལ་འགྱུར་བའི་ལུགས་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་ལྟ་བའི་ལྟ་བ་རྒྱུད་ལ་སྐྱེས་ཤིང༌། རང་རང་གི་འཕགས་ལམ་ཐོབ་ནས་གང་ཟག་དང་ཆོས་གཉིས་རང་བཞིན་མེད་པ་སྟེ། གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ཅིག་ཅར་མངོན་དུ་བྱས་པ་ཞིག་འདོད་པ། བློ་ལ་མངོན་དུ་བྱས་པ་ནི་མངོན་སུམ་དུ་རྟོགས་པ་ལ་ཟེར། ༥ རང་རྒྱུད་པ་མན་གྱིས་མི་འདོད་ཀྱང་ཐལ་འགྱུར་བས་དུག་གསུམ་ཆར་གྱི་ངོ་བོ་བདེན་འཛིན་ཡིན་པས་ཉོན་མོངས་ཕྲ་མོ་དང་གྲུབ་མཐའ་འོག་མས་ཤེས་སྒྲིབ་ཏུ་འདོད་པའི་བདེན་འཛིན་གང་ཡིན་ཉོན་སྒྲིབ་ཏུ་འདོད་པ། ༦ ཞིག་པ་རྒྱུས་སྐྱེད་པས་ཞིག་པ་དངོས་པོར་འདོད་པ། ༧ མདོ་སྡེ་སེམས་ཙམ་དབུ་མ་རང་རྒྱུད་པ་རྣམས་ཀྱིས་འདས་མ་འོངས་གཉིས་འདུས་མ་བྱས་དང་མེད་དགག་ཏུ་འདོད། ད་ལྟ་བ་སྒྲུབ་པ་དང་དངོས་པོར་འདོད། བྱེ་བྲག་སྨྲ་བ་དང༌། ཐལ་འགྱུར་བས་ཞིག་པ་དངོས་པོར་འདོད་པའི་རྒྱུ་མཚན་གྱིས་འདས་མ་འོངས་གཉིས་འདུས་བྱས་དང་མ་ཡིན་དགག་དང༌། ད་ལྟ་བ་སྒྲུབ་པ་དངོས་པོར་འདོད་པ། ༨ མཐའ་ཡི་སོགས་ཁོངས་ནས་ཐོན་པ་ནི་བདག་མེད་གཉིས་སྟོང་ཚུལ་གྱི་སྒོ་ནས་རང་རྒྱུད་པ་མན་གྱིས་འཇོག་པས་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་པ། འདི་ཡན་གྱི་འདོད་ཚུལ་བརྒྱད་ནི་རྗེ་ཙོང་ཁ་པའི་ཊཱིཀ་ཆེན་དགོངས་པ་རབ་གསལ་ལྟར་ཡིན། དགག་ཕྱོགས་གསུམ་དང༌། སྒྲུབ་ཕྱོགས་ནས་ལྔ་སྟེ་ཐལ་འགྱུར་བའི་གྲུབ་མཐའ་ཆེན་པོ་བརྒྱད་ཀྱང་ཟེར། ༩ མངོན་པ་གོང་འོག་གཉིས་ནས་བཤད་པའི་ཉོན་མོངས་རྣམས་རགས་པ་ཡིན་པས་དེ་རྣམས་རེ་ཞིག་སྤངས་པའི་ལམ་མ་ཞུགས་དང་ལམ་ཞུགས་ཚོགས་ལམ་པ་གང་རུང་ཡོད་ཀྱང༌། ཚོགས་ལམ་འབྲིང་ཡན་གྱི་ལམ་བགྲོད་མི་ནུས་པས་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་དགྲ་བཅོམ་མ་ཡིན་པར་འདོད་པ། ༡༠ ཐལ་འགྱུར་བས་མི་རྟག་པ་རྟོགས་པའི་བློ་ལ་གྲུབ་མཐའ་འོག་མས་འདོད་པ་ལྟར་མ་གཏོགས་ཕྲ་རགས་གཉིས་མི་འབྱེད་ཀྱང་མི་རྟགས་སོགས་བཅུ་དྲུག་གི་བཅོ་ལྔ་ལ་ཕྲ་རགས་གཉིས་ཕྱེ་བའི་རགས་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་རྣལ་འབྱོར་མངོན་སུམ། ལམ་མ་ཞུགས་དང་ལམ་ཞུགས་ཚོགས་ལམ་འབྲིང་མན་ཆད་ལ་ཡང་ཡོད་པར་འདོད་པ། ༡༡ སངས་རྒྱས་ཕལ་པོ་ཆེ་ཡི་མདོ་ཚན་མདོ་སྡེ་ས་བཅུ་པའི་རྗེས་སུ་འབྲངས་ཏེ། དམན་ལམ་སྔོན་དུ་མ་སོང་བས་ས་བརྒྱད་པ་ནས་ཉོན་སྒྲིབ་སྤང་བ་དང༌། ཤེས་སྒྲིབ་ཉོན་སྒྲིབ་ཀྱིས་བཞག་པའི་བག་ཆགས་ལྡན་མིན་འདུ་བྱེད། ཀུན་བཏགས་དང་ལྷན་སྐྱེས་གཉིས་མེད་པ་སྒྲིབ་ལུང་མ་བསྟན་དུ་འདོད་པ། ༡༢ མངོན་སུམ་ལ་རྟོག་པ་དང་བྲལ་མི་དགོས་ཏེ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཀུན་རྫོབ་ཀྱི་ཆོས་དངོས་ཡུལ་དུ་བྱེད་པའི་ཡིད་ཤེས་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མངོན་སུམ་ཚད་མ་ཡིན། སྔོ་འཛིན་མིག་ཤེས་ཀྱིས་དྲངས་པའི་སྔོན་པོ་དོན་མཐུན་ངེས་པའི་ངེས་ཤེས་མངོན་སུམ་ཚད་མ་ཡིན། འདི་གཉིས་ནི་རྟོག་པ་ཡིན་པའི་མངོན་སུམ་ཚད་མ་ཡིན། སོ་སྐྱེའི་རྒྱུད་ཀྱི་རྟོག་མེད་མངོན་སུམ་ཚད་མ་ནི། གཞན་སེམས་ཤེས་པའི་མངོན་ཤེས་དང་མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་པའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ལྟ་བུར་འདོད་པ། ༡༣ རྗེས་དཔག་ཚད་མས་དྲངས་པའི་རྟོག་པ་བཅད་ཤེས་དང༌། མངོན་སུམ་ཚད་མས་དྲངས་པའི་མངོན་སུམ་བཅད་ཤེས་གཉིས་ཀ་ཚད་མར་འདོད་པས་བཅད་ཤེས་ཚད་མར་འདོད་པ། ༡༤ ཕྱི་རོལ་པ་ནས་བཟུང་རང་རྒྱུད་པ་མན་ཆད་ཀྱིས་སྣང་བས་ཆད་མཐའམ་མེད་མཐའ་སེལ་ཟེར་བ་ཡིན་ཀྱང༌། ཐལ་འགྱུར་བའི་སྐབས་སུ་སྔ་མ་དེ་གོ་ས་བརྗེས་ནས། སྣང་བས་རྟག་མཐའམ་ཡོད་མཐའ་སེལ། སྟོང་པས་ཆད་མཐའམ་མེད་མཐའ་སེལ་བར་འདོད་པ། ༡༥ འགོག་བདེན་གང་ཡིན་ཐམས་ཅད་དང༌། འདུས་བྱས་འདུས་མ་བྱས་ཐམས་ཅད་ཀྱི་དབྱིངས་སམ་ཆོས་ཉིད་གང་ཡིན་དོན་དམ་བདེན་པར་འདོད་པ། ༡༦ ཉན་རང་དགྲ་བཅོམ་གང་ཡིན་ཐམས་ཅད་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་ལྷག་མེད་པ་དང༌། དེའི་རྒྱུད་ཀྱི་མྱང་འདས་ནི་ལྷག་མེད་མྱང་འདས་དང༌། མཉམ་བཞག་ལས་ལྡང་ཚེ་ལྷག་བཅས་པ་དང༌། དེ་ཡི་རྒྱུད་ཀྱི་མྱང་འདས་ལྷག་བཅས་མྱང་འདས་ཡིན་པ། ཤཱ་རིའི་བུ་ལ་རྗེས་སུ་ཟློས་པའི་མདོ་ཡི་རྗེས་སུ་འབྲང་ནས་ཐལ་འགྱུར་བས་འདོད་དོ། །༡༧ ཁ་ནང་ལྟའི་ཤེས་པ་དང་ཁ་ཕྱི་ལྟའི་ཤེས་པ་གཉིས་པ་མི་འདོད་དེ། རང་མྱོང་རང་རིག་མི་འདོད་པས། གཞན་མྱོང་གཞན་རིག་གི་ཤེས་པ་མི་འདོད་པ། བློ་རིག་ཤེས་གསུམ་མངོན་འགྱུར་དུ་སྐྱེ་བ་དང༌། དེས་ཡུལ་མངོན་སུམ་དུ་རྟོགས་ཀྱང༌། བློ་གང་ཡིན་མངོན་ལྐོག་གཉིས་ཀྱི་ནང་ནས་ལྐོག་གྱུར་དུ་འདོད། ༡༨ རྟོག་པས་ཕར་བཏགས་ཙམ་མ་ཡིན་པའི་ཡོད་པ་ཅིག་བྱུང་ཕྱིན་ཆད་དེ་རང་ངོས་ནས་གྲུབ་པའི་དོན་དང༌། རང་བཞིན་གྱིས་གྲུབ་པའི་དོན་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་དོན་ཡིན་པས། སྟོང་ཉིད་གཏན་ལ་འབེབས་བྱེད་ཀྱི་དགག་བྱ་ཕྲ་མོར་འདོད་པའོ། །༡༩ བྱས་བསགས་ཀྱི་ལས་ཞིག་ནས་ལས་བསྐལ་པ་དུ་མ་སོང་བས་ཀྱང་འབྲས་བུ་འབྱིན་པ། ༢༠ ཐལ་འགྱུར་བའི་ལུགས་ཀྱི་བདེན་པ་གཉིས་ནི། མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མ་དེ་ཁྱོད་ལ་མཐར་ཐུག་དཔྱོད་པའི་རིག་ཤེས་སུ་སོང་བའི་རྙེད་པའི་དོན། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། གང་ཟག་གི་བདག་མེད་ཕྲ་མོ་དང༌། ཆོས་ཀྱི་བདག་མེད་ཕྲ་མོ། སྟོང་ཉིད་བཅོ་བརྒྱད་རྣམས་སོ། །ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་གང་ཞིག དེ་ཁྱོད་ལ་ཐ་སྙད་པའི་ཚད་མར་སོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། དོན་དམ་བདེན་པ་མ་ཡིན་པའི་རྟག་པ་དང་དངོས་པོ་ཐམས་ཅད་ཡིན་ནོ། །ཞེས་ཀློང་རྡོལ་བླ་མ་གསུང༌།
|