2957

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:50, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ
Tibetan Definition (ཕར་ཕྱིན) སྐྱབས་འགྲོའི་ཐུན་མོང་བའི་རྒྱུ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམས་ནས་འཇིགས་ཤིང་སྐྲག་པ་དང༌། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པ་གཉིས་ཀྱི་སྟེང་དུ། གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་བརྩེ་བས་ཟིན་པའི་སྐྱབས་འགྲོ་ལ་ཟེར། ཞིབ་ཏུ་བཤད་ན། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྐྱབས་འགྲོའི་ཁྱད་པར་ལ། སྐྱབས་ཡུལ་གྱི་ཁྱད་པར། དུས་ཀྱི་ཁྱད་པར། ཆེད་དུ་བྱ་བའམ་དགོས་པའི་ཁྱད་པར། སྐྱབས་སུ་འགྲོ་ཚུལ་གྱི་ཁྱད་པར་དང་བཞིའོ། །དང་པོ་སྐྱབས་ཡུལ་གྱི་ཁྱད་པར་ནི། སངས་རྒྱས་ལ་ཁྱད་པར་མེད་ཀྱང་། ཆོས་ནི་མི་གནས་པའི་མྱང་འདས་དང་ཡེ་ཤེས་ཆོས་སྐུ་གཉིས་ཏེ། སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་འགོག་ལམ་གཉིས་སོ། །གཉིས་པ་དུས་ཀྱི་ཁྱད་པར་ནི། ཇི་སྲིད་འཚོའི་བར་དང་འཁོར་བ་ལས་ཐར་པའི་བར་ཙམ་མིན་པར། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ། གསུམ་པ་ཆེད་དུ་བྱ་བའམ་དགོས་པའི་ཁྱད་པར་ནི། རང་གཅིག་པུའི་ཆེད་དང་འཁོར་བ་ལས་ཐར་པ་ཙམ་གྱི་ཆེད་དུ་མིན་པར། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྐྱབ་པའི་ཆེད་དུའོ། །བཞི་པ་སྐྱབས་སུ་འགྲོ་ཚུལ་ནི། སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལས་དུས་མཉམ་དུ་ཡང་ལྡོག་པར་མི་བྱའོ་སྙམ་དུ་བསམ་པའི་སྒོ་ནས་སོ། །དེ་ཡང་རྗེའི་ལམ་རིམ་དང་ཇོ་བོའི་སེམས་བསྐྱེད་པའི་ཆོ་ག་ལས། བདག་མིང་ (རང་མིང་སྨོས) འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །བདག་མིང་ (རང་མིང་སྨོས) འདི་ཞེས་བགྱི་བ་ (དུས་ཀྱི་ཁྱད་པར་ནི) དུས་འདི་ནས་བཟུང་ནས་ ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཆོས་རྣམས་ཀྱི་མཆོག་ (སྐྱབས་ཡུལ་གྱི་ཁྱད་པར་ནི) ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །བདག་མིང་ (རང་མིང་སྨོས) འདི་ཞེས་བགྱི་བ་ (དུས་ཀྱི་ཁྱད་པར་ནི) དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་ (སྐྱབས་ཡུལ་གྱི་ཁྱད་པར) འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་བཞི་ལས། སྐྱབས་ཡུལ་གྱི་ཁྱད་པར། དུས་ཀྱི་ཁྱད་པར་གཉིས་དངོས་སུ་བསྟན་ནས། ཆེད་དུ་བྱ་བའམ་དགོས་པའི་ཁྱད་པར་དང་། སྐྱབས་སུ་འགྲོ་ཚུལ་གྱི་ཁྱད་པར་གཉིས་སེམས་བསྐྱེད་པའི་ཆོ་ག་དང་འབྲེལ་བས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །