3001

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:51, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཐོགས་མེད
Tibetan Definition དུས་རབས་ལྔ་པ་ (དེང་སང་དུས་རབས་བཞི་པར་བྱོན་ཟེར་བའང་སྣང) ཙམ་དུ་བྱོན་པའི་རྒྱ་གར་གྱི་པཎྜི་ཏ་ཞིག འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ། འཕགས་པ་ཐོགས་མེད་ལུང་བསྟན་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་སྒྲུབ་པ་ནི། སཱ་ལའི་ཕོ་ཉ་མོ་ཞེས་བྱ། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་བགྱིས་ཏེ། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་གསུངས་པས་ལུང་བསྟན་ཏོ། །སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་ཐོགས་མེད་ནི། སྟོན་པ་མྱ་ང་ན་ལས་འདས་ནས་ལོ་དགུ་བརྒྱ་ལྷག་ཙམ་ལོན་པ་ན། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པའི་སྲས་སུ་སྐུ་འཁྲུངས། རི་བྱ་རྐང་གི་ཕུག་ཏུ་རྗེ་བཙུན་བྱམས་པ་བསྒྲུབ་ཏུ་བྱོན་ཏེ་ལོ་གསུམ་བསྒྲུབས་པས་མཚན་མ་ཙམ་ཡང་མ་བྱུང་བས། ཡིད་སྐྱོ་སྟེ་ཕྱིར་ཐོན་པ་ན། རྒན་མོ་ཞིག་གིས་ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་བུ་ལ་ཁབ་བྱེད་པ་མཐོང༌། ཁབ་ཇི་ལྟར་བྱུང་ཞེས་དྲིས་པས། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཟེར་བ་ཐོས་པས་ལོ་དྲུག་དང་དགུ་བསྒྲུབས་ཏེ་ཐོན་པ་ན། ཆུ་ཐིགས་དང༌། བྱ་སྒྲོས་ཀྱང་བྲག་ཟད་པར་མཐོང་སྟེ་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་མཚན་མ་ཙམ་ཡང་མ་བྱུང་བས། སྐྱོ་སྟེ་ཕྱིན་པ་ན་ཁྱི་མོ་རོ་སྨད་འབུས་ཞིག་པ། རོ་སྟོད་ཟུག་ཅིང་ཟ་བ་ཞིག་མཐོང་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། བསལ་བ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས། རང་གི་ལུས་ལས་ཤ་བཅད་དེ་དེར་འབུ་བསལ་སྙམ་སྟེ། སྤུ་གྲིས་རང་གི་ལུས་ལས་ཤ་བཅད། ལག་པས་བླང་ན་ཤི་ཡིས་དོགས་ཏེ་སྤྱན་བཙུམ་སྟེ་ལྗགས་ཀྱིས་བླང་སྙམ་པ་ན། ཁྱི་མེད་པར་རྗེ་བཙུན་བྱམས་པ་འོད་དང་བཅས་པ་མཐོང་ནས། ཀྱེ་མ་ཡབ་ཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང༌། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་མ་བྱུང་ན། ཐུགས་རྗེ་རེ་ཆུང་ཞེས་འཁངས་པས། (འཁངས་ཞེས་པ་ཡིད་མ་མགུ་བའམ་ཁྲོས་པའི་དོན་ཡིན) རྗེ་བཙུན་གྱིས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ང་དང་པོ་ནས་ཡོད་དེ་ཁྱོད་རང་གི་ལས་སྒྲིབ་ཀྱི་དབང་གིས་མ་མཐོང་ལ། ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་སྟེ་མཐོང་བ་ཡིན་གསུངས། ཡིད་མ་ཆེས་ན་ང་ཕྲག་གོང་དུ་ཁུར་ལ་གཞན་ལ་སྟོན་ཅིག་གསུངས། བསྟན་པས་སུས་ཀྱང་མ་མཐོང་བས་ཡིད་ཆེས་སོ། །ཁྱོད་ཅི་འདོད་གསུང་བ་ལ། ཐེག་ཆེན་དར་བ་ཞུ་འཚལ་བྱས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་དགའ་ལྡན་དུ་བྱོན་ཏེ་ལྷའི་དྲོ་སྐད་གཅིག་གམ། མི་ལོ་ལྔ་བཅུའི་བར་ཆོས་གསན། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་སྟོན་པའི་བྱམས་ཆོས་སྡེ་ལྔ་མི་ཡུལ་དུ་གདན་དྲངས། དེའི་དགོངས་འགྲེལ་གྱི་བསྟན་བཅོས་ས་སྡེ་ལྔ་དང༌། སྡོམ་རྣམ་གཉིས་སོགས་མང་དུ་མཛད། ལོ་བརྒྱ་དང་ལྔ་བཅུར་བཞུགས་ནས་ཐེག་ཆེན་གྱི་བསྟན་པ་དར་བར་མཛད་དོ། །