3077

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:51, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དཀོན་མཆོག་བརྩེགས་པ
Tibetan Definition <རཏྣ་ཀཱུ་ཊ> བཀའ་འགྱུར་ཁྲོད་བཞུགས་པའི་ཀ་ནས་ཆའི་བར་གྱི་པོ་ཏི་དྲུག་ཅན་གྱི་མདོ་ཞིག དཀོན་མཆོག་བརྩེགས་པ་རྒྱ་གར་འཕགས་པའི་ཡུལ་དུ་འདུས་པ་སྟོང་ཕྲག་གཅིག་ལས་ (འདིའི་འདུས་པ་ཞེས་པ་ལེའུ་ལ་གོ་དགོས) ཡོད་པ་ལས། བོད་དུ་པོ་ཏི་དྲུག་དང་འདུས་པ་བཞི་བཅུ་ཞེ་དགུ་འགྱུར་ཡོད།༼ ཀ་པར ༽འཕགས་པ་སྡོམ་གསུམ་བསྟན་པ་བམ་པོ་གསུམ་པ་འདུས་པ་དང་པོ། སྒོ་མཐའ་ཡས་པ་རྣམ་པར་སྦྱང་བ་བམ་པོ་བཞི་འདུས་པ་གཉིས་པ། གསང་བ་གསམ་གྱིས་མི་ཁྱབ་པ་བམ་པོ་བཅུ་འདུས་པ་གསུམ་པ། རྨི་ལམ་བསྟན་པ་བམ་པོ་གསུམ་འདུས་པ་བཞི་པ། འོད་དཔག་མེད་ཀྱི་ཞིང་བཀོད་བམ་པོ་གསུམ་འདུས་པ་ལྔ་པ། ༼ ཁ་པར ༽མི་འཁྲུགས་པའི་ཞིང་བཀོད་བམ་པོ་ལྔ་འདུས་པ་དྲུག་པ། གོ་ཆའི་བཀོད་པ་བསྟན་པ་འདུས་པ་བདུན་པ། ཆོས་དབྱིངས་དབྱེར་མེད་བསྟན་པ་བམ་པོ་ཉེར་གཉིས་འདུས་པ་བརྒྱད་པ། ཆོས་བཅུ་པའི་མདོ་བམ་པོ་གཉིས་འདུས་པ་དགུ་པ། ཀུན་ནས་སྒོ་ཡི་ལེའུ་དང༌། འོད་ཟེར་ཀུན་ཏུ་བཀྱེ་བའི་མདོ་འདི་གཉིས་བམ་པོ་ལྔ་འདུས་པ་བཅུ་པའོ། །༼ ག་པར ༽བྱང་ཆུབ་སེམས་དཔའི་སྡེ་སྣོད་བམ་པོ་ཉི་ཤུ་པ་འདུས་པ་བཅུ་གཅིག་པ། དགའ་བོ་མངལ་དུ་འཇུག་པ་བམ་པོ་གཅིག་འདུས་པ་བཅུ་གཉིས་པ། དགའ་བོ་མངལ་ན་གནས་པ་བམ་པོ་གཉིས་འདུས་པ་བཅུ་གསུམ་པ། ༼ ང་པར ༽འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་བམ་པོ་བཞི་འདུས་པ་བཅུ་བཞི་པ། ཡབ་སྲས་མཇལ་བའི་མདོ་བམ་པོ་བཅོ་ལྔ་འདུས་པ་བཅོ་ལྔ་པ། གང་པོས་ཞུས་པ་བམ་པོ་དྲུག་འདུས་པ་བཅུ་དྲུག་པ། ཡུལ་འཁོར་སྐྱོང་གིས་ཞུས་པ་བམ་པོ་གསུམ་འདུས་པ་བཅུ་བདུན་པ། ༼ ཅ་པར ༽ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་བམ་པོ་གསུམ་འདུས་པ་བཅོ་བརྒྱད་པ། ཀློག་ཐོབ་ཀྱིས་ཞུས་པ་མི་ཟད་པའི་གཏེར་བསྟན་པ་འདུས་པ་བཅུ་དགུ་པ། སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་འདུས་པ་ཉི་ཤུ་པ། ཆོ་འཕྲུལ་བསྟན་པའི་མདོ་འདུས་པ་ཉེར་གཅིག་པ། ལྷ་ཡི་བུ་དེད་དཔོན་གྱིས་ཞུས་པ་བམ་པོ་གསུམ་འདུས་པ་ཉེར་གཉིས་པ། བྱམས་པ་སེང་གེའི་སྒྲ་ཆེན་པོ་བམ་པོ་བཞི་འདུས་པ་ཉེར་གསུམ་པ། འདུལ་བ་རྣམ་པར་བསྟན་པ་ཉེ་བར་འཁོར་གྱིས་ཞུས་པ་བམ་པོ་གཉིས་འདུས་པ་ཉེར་བཞི་པ། ལྷག་པའི་བསམ་པ་བསྐུལ་བའི་མདོ་བམ་པོ་གཉིས་འདུས་པ་ཉེར་ལྔ་པ། ལག་བཟང་གིས་ཞུས་པ་འདུས་པ་ཉེར་དྲུག་པ།་འཕགས་པ་དབུལ་པོ་ངེས་པས་ཞུས་པ། འདི་འདུས་པའི་གྲངས་སུ་མི་བརྩི་བ་འདུག་ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པ་འདུས་པ་ཉེར་བདུན་པ། པད་ས་ལའི་རྒྱལཔོ་འཆར་བྱེད་ཀྱིས་ཞུས་པ་འདུས་པ་ཉེར་བརྒྱད་པ། བུ་མོ་བློ་གྲོས་བཟང་མོས་ཞུས་པ་འདུས་པ་ཉེར་དགུ་པ། བུ་མོ་གངྒའི་མཆོག་གིས་ཞུས་པ་འདུས་པ་སུམ་ཅུ་པ། བུ་མོ་མྱ་ངན་མེད་བྱིན་ལུང་བསྟན་པ་འདུས་པ་སོ་གཅིག་པ། བུ་མོ་དྲི་མ་མེད་བྱིན་གྱིས་ཞུས་པ་འདུས་པ་སོ་གཉིས་པ། ཡོན་ཏན་རིན་ཆེན་ཀུན་རྒྱས་ཀྱིས་ཞུས་པ་འདུས་པ་སོ་གསུམ་པ། ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་སོ་ལྔ་པ། ༼ ཆ་པར ༽ལྷ་ཡི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པ་འདུས་པ་སོ་དྲུག་པ། རྒྱལ་པོ་མ་སྐྱེས་དགྲ་ཡི་སྲས་སེང་གེས་ཞུས་པ་སོ་བདུན་པ། གསང་ཆེན་ཐབས་ལ་མཁས་པ་སོ་བརྒྱད་པ། ཡེ་ཤེས་དམ་པས་ཞུས་པ་འདུས་པ་སོ་དགུ་པ། ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་འདུས་པ་བཞི་བཅུ་པ། བུ་མོ་རྣམ་དག་དད་པས་ཞུས་པ་འདུས་པ་ཞེ་གཅིག་པ། འཕགས་པ་བྱམས་པས་ཞུས་པ་འདུས་པ་ཞེ་གཉིས་པ། བྱམས་པས་ཞུས་པའི་ཆོས་བརྒྱད་འདུས་པ་ཞེ་གསུམ་པ། འོད་སྲུང་གིས་ཞུས་པའི་མདོ་འདུས་པ་ཞེ་བཞི་པ། རིན་ཆེན་ཕུང་པོའི་མདོ་འདུས་པ་ཞེ་ལྔ་པ། བློ་གྲོས་མི་ཟད་པས་ཞུས་པ་འདི་ཡང་འདུས་པ་ཞེ་ལྔ་པ། ཤེར་ཕྱིན་བདུན་བརྒྱ་པ་འདུས་པ་ཞེ་དྲུག་པ། ལྷ་ཡི་བུ་གཙུག་ན་རིན་ཆེན་གྱིས་ཞུས་པ་འདུས་པ་ཞེ་བདུན་པ། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་ལྷ་མོ་དཔལ་འཕྲེང་སེང་གེའི་སྒྲ་ཡིས་ཞུས་པ་འདུས་པ་ཞེ་བརྒྱད་པ། དྲང་སྲོང་རྒྱས་པས་ཞུས་པ་འདུས་པ་ཞེ་དགུ་པ་སྟེ་མདོ་སྡེ་དཀོན་མཆོག་བརྩེགས་པ་པོ་ཏི་དྲུག་གོ། ༼ དོགས་གཅོད ༽དཀོན་མཆོག་བརྩེགས་པ་ཞེས་པའི་དོན་གང་ཡིན་ནམ་སྙམ་ན། དཀོན་མཆོག་གི་སྐད་དོད་ “རཏྣ” ཞེས་པ་རིན་ཆེན་དང་། དཀོན་མཆོག་གཉིས་ཀ་ལ་འཇུག་པས། དོན་དུ་ “རིན་ཆེན་བརྩེགས་པ” ཞེས་བྱ་བའམ། རིན་པོ་ཆེ་མང་པོ་ཞེས་པའི་དོན་ཡིན། ཤིན་ཏུ་སླ་བ་ཞིག་འགྱུར་མ་ལེགས་པའི་དབང་གིས་ལྐོག་གྱུར་ཏུ་བཏང་བ་མང་དུ་ཡོད་པ་ལས་འདི་ཡང་དེའི་གྲས་ཤིག་གོ། དེས་ན་ “རིན་ཆེན་བརྩེགས་པ” ཞེས་བསྒྱུར་ཡོད་ན་ལེགས་པར་སེམས་ཏེ། སྐྱབས་ཡུལ་གྱི་དཀོན་མཆོག་དང་ནོར་བ་སྤངས་ཏེ་དོན་བདེ་བླག་ཏུ་གོ་བའི་ཕྱིར་རོ། །དེས་ “དཀོན་མཆོག་ཏ་ལའི་གཟུངས་ལའང་” རིན་ཆེན་ཏ་ལའི་གཟུངས་ཞེས་བསྒྱུར་ན་ལེགས་པར་སེམས་སོ། །བསྟན་པ་ལ་དགྲ་ལན་གསུམ་བྱུང་བའི་ཐ་མའི་སྐབས་སུ་དཔལ་ནཱ་ལེནྡྲའི་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏྣ་སཱ་གཱར། རཏྣ་ད་དྷི། རཏྣ་རཎྜཀ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་གསུམ་ཡོད་པ་དེ་གསུམ་ཆར་ཚིག་པའི་སྐབས་སུ། འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། མདོ་ཕལ་ཆེན་གྱི་ལེའུ་སྟོང་ལས་སུམ་ཅུ་སོ་བརྒྱད་ལུས། འདུས་པ་ཆེན་པོ་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལངྐར་གཤེགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་བ་ཙམ་ལུས་པར་གྲགས་སོ། །