From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
དཔལ་ལྡན
|
Tibetan Definition
|
<ཤྲཱི་མཱན> 1 གཟི་བརྗིད་དང་། ཕུན་ཚོགས་སམ་འབྱོར་བ། མཛེས་པ། ཁྱད་དུ་འཕགས་པ། བསྟེན་པར་འོས་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ་ལ། དཔལ་ལྡན་ཟེར། རིན་ཆེན་ཕྲེང་བའི་རྒྱ་ཆེར་འགྲེལ་པ་༡༥༥བ༣ལས། དཔལ་ནི་བརྗིད་པ་སྟེ་ཟིལ་གྱིས་མི་ནོན་པའོ། །ཞེས་གསུངས་པ་ལྟར་རོ། །དཔལ་གྱི་སྐོར་རྒྱས་པར་གོང་དུ་དཔལ་ཞེས་པའི་ཐད་དུ་གཟིགས། རྗེའི་འགྲེལ་པ་བཞི་སྦྲགས་ལས། དཔལ་ནི་ཕུན་སུམ་ཚོགས་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་དཔལ་ལྡན་ཏེ། ཞེས་གསུངས་པ་ལྟར་དཔལ་ལྡན་ཞེས་པ་གཙོ་བོ་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་གོ་དགོས། 2 སྐུ་ཞབས། དཔལ་ལྡན་ཞེས་པའི་ཚིག་འདི་ལེགས་སྦྱར་དང་རྒྱ་གར་གྱི་ཡུལ་སྐད་དུ། སྐྱེས་པ་ལ་སྦྱོར་ཚེ་ཤྲཱི་མཱནདང་བུད་མེད་ལ་སྦྱོར་ཚེ།ཤྲཱི་མ་ཏཱིཞེས་བྱ་བ་དེ་ལས་བྱུང་བར་སེམས། རྒྱ་གར་བས་སྐབས་རེར་ཞེ་སའི་ཚུལ་དུ་མིང་ཚབ་ཏུའང་བེད་སྤྱོད་བྱེད། 3 སྐྱབས་ཡུལ་དང་། བླ་མ། གནས་མཆོག་སོགས་ཀྱི་མིང་གི་ཐོག་མར་སྦྱར་ཚེ་ཞེ་སའི་ཚིག་ཏུ་གོ དཔེར་ན་དཔལ་ལྡན་རྡོ་རྗེ་འཇིགས་བྱེད། དཔལ་ལྡན་བླ་མ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལྟ་བུའོ། །4 དབང་ཕྱུག་དང་ལྡན་པ་ལ་ཟེར། རྗེའི་འགྲེལ་པ་བཞི་སྦྲགས་ལས། རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སོགས་པ་དང་ལྡན་པས་དཔལ་ལྡན་ནོ། །ཞེས་གསུངས། 5 ཚོགས་གཉིས་རྫོགས་པའི་ཡོན་ཏན་དང་ལྡན་པ་ལ་ཟེར། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཚོགས་གཉིས་རྫོགས་པའི་དཔལ་དང་ལྡན་པས་ན་དཔལ་ལྡན་ནོ། །ཞེས་དང་། ཡང་དེ་ཉིད་ལས། ཚོགས་གཉིས་དང་ཉེ་བར་ལྡན་པས་དཔལ་ལྡན་ཏེ། ཞེས་གསུངས་སོ། །6 མཆོག་ཏུ་དགའ་བའི་བདེ་བ་དང་ལྡན་པ་ལ་ཟེར། རྗེའི་འགྲེལ་པ་བཞི་སྦྲགས་ལས། དཔལ་ནི་མཆོག་ཏུ་དགའ་བའི་བདེ་བ་སྟེ་དེ་འདི་ལ་ཡོད་པས་ན་དཔལ་ལྡན་ནོ། །ཞེས་གསུངས་པ་ལྟར་རོ། །7 གསང་ཡུམ་དང་ལྡན་པ་ལ་ཟེར། རྗེའི་འགྲེལ་པ་བཞི་སྦྲགས་ལས། དཔལ་ནི་གོས་དཀར་མོ་སྟེ་ད་དང་ལྡན་པས་དཔལ་ལྡན་ནོ། །ཞེས་གསུངས་སོ། །
|