3613

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:53, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
དམ་ཆོས་པདྨ་དཀར་པོའི་མདོ
Tibetan Definition རྒྱ་གར་སྐད་དུ། སད་དྷརྨ་པུཎྜ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞེས་བྱ་བ། ལེའུ་ཉི་ཤུ་རྩ་དྲུག་གི་བདག་ཉིད་ཅན་གྱི་མདོ་ཞིག ལེའུ་ཉེར་དྲུག་ནི། ༡ གླེང་གཞིའི་ལེའུ། ༢ ཐབས་ལ་མཁས་པའི་ལེའུ། ༣ དཔེའི་ལེའུ། ༤ མོས་པའི་ལེའུ། ༥ སྨན་གྱི་ལེའུ། ༦ ཉན་ཐོས་ལུང་བསྟན་པའི་ལེའུ། ༧ སྔོན་གྱི་སྦྱོར་བའི་ལེའུ། ༨ དགེ་སློང་ལྔ་བརྒྱ་ལ་བསྟན་པའི་ལེའུ། ༩ དགེ་སློང་ཉིས་སྟོང་ལུང་བསྟན་པའི་ལེའུ། ༡༠ ཆོས་སྨྲ་བའི་ལེའུ། ༡༡ མཆོད་རྟེན་བསྟན་པའི་ལེའུ། ༡༢ སྤྲོ་བར་བྱ་བའི་ལེའུ། ༡༣ བདེ་བར་གནས་པའི་ལེའུ། ༡༤ བྱང་ཆུབ་སེམས་དཔའ་ས་རུམ་ནས་འཐོན་པའི་ལེའུ། ༡༥ དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ། ༡༦ བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ། ༡༧ རྗེས་སུ་ཡི་རང་བའི་བསོད་ནམས་བསྟན་པའི་ལེའུ། ༡༨ སྐྱེ་མཆེད་དྲུག་རྣམ་པར་དག་པའི་ཕན་ཡོན་གྱི་ལེའུ། ༡༩ རྟག་ཏུ་བརྙས་པའི་ལེའུ། ༢༠ དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ། ༢༡ གཟུངས་སྔགས་ཀྱི་ལེའུ། ༢༢ སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་བའི་ལེའུ། ༢༣ སང་སང་པོའི་དབྱངས་ཀྱི་ལེའུ། ༢༤ སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུ། ༢༥ རྒྱལ་པོ་དགེ་བ་བཀོད་པའི་སྔོན་གྱི་སྦྱོར་བའི་ལེའུ། ༢༦ ཡོངས་སུ་བཏད་པའི་ལེའུ་བཅས་སོ། ། འདི་བྱ་རྒོད་ཕུང་པོའི་རིར་གསུངས་ཤིང་། ལུས་འཕགས་མའི་བུ་ཡུལ་མ་ག་དྷཱའི༌རྒྱལ་པོ་མ་སྐྱེས་དགྲ་ཡང་ཆོས་འདི་གསུངས་པའི་འཁོར་དུ་ཡོད། མདོ་སྡེ་༼ ཇ་པའི ༽ནང་བཞུགས། འདིའི་ལེའུ་ཉེར་བཞི་པར་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུའི་སྐབས་སུ། སྤྱན་རས་གཟིགས་ཀྱི་སྐོར་གསུངས་ཡོད་པ་འདི་ལྟར། དེ་ཉིད་ལས། དམ་པའི་ཆོས་པད་མ་དཀར་པོ། བམ་པོ་བཅུ་གསུམ་པ་སྟེ་ཐ་མ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཅིའི་སླད་དུ་སྦྱན་རས་གཟིགས་ཀྱི་དབང་ཕྱུག་ཅེས་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། འདི་ལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཇི་སྙེད་ཅིག་སྡུག་བསྔལ་གང་དག་མྱོང་བར་གྱུར་པ་དེ་དག་གིས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཐོས་ན། དེ་དག་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་དེ་ལས་ཡོངས་སུ་ཐར་བར་འགྱུར་རོ། །རིགས་ཀྱི་བུ། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མིང་འཛིན་པ་དེ་དག་གལ་ཏེ་མེའི་ཕུང་པོ་ཆེན་པོར་ལྷུང་ནའང༌། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས། མེའི་ཕུང་པོ་ཆེན་པོ་རབ་ཏུ་འབར་བ་ལས་དེ་ཐར་བར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་ཆུ་ཀླུང་དག་གིས་ཁྱེར་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ་བོས་ན། ཆུ་ཀླུང་དེ་དག་ཐམས་ཅད་ཀྱིས་སེམས་ཅན་དེ་དག་ཐམས་ཅད་གཏིང་ཚུགས་པར་བྱེད་དོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་བྱེ་བ་ཁྲ་ཁྲིག་བརྒྱ་སྟོང་རྒྱ་མཚོའི་ནང་དུ་གྲུར་ཞུགས་ཏེ། འགྲོན་བུ་དང༌། གསེར་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻཌཱུརྱ་དང༌། དུང་དང༌། མན་ཤེལ་དང༌། རྡོའི་སྙིང་པོད་དང༌། བྱུ་རུ་དང༌། སྤུག་དང༌། མུ་ཏིག་དམར་པོ་ལ་སོགས་པའི་ཕྱིར་དོང་བ་དེ་རྣམས། རླུང་ནག་པོས་སྲིན་མོའི་གླིང་དུ་འཕངས་བར་གྱུར་ལ། དེ་ནས་སེམས་ཅན་གཅིག་འགའ་ཞིག་གིས་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ན། དེ་དག་ཐམས་ཅད་སྲིན་མོའི་གླིང་དེ་ནས་ཐར་བར་འགྱུར་རོ། །རིགས་ཀྱི་བུ། དེའི་ཕྱིར་བྱང་ཆུབ་སེམས་་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་རས་གཟིགས་དབང་ཕྱུག་ཅེས་བཏགས་སོ། །རིགས་ཀྱི་བུ། གལ་ཏེ་གསད་པར་བཀྲི་བ་ལས་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ན། གཤེད་མ་དེ་དག་གི་མཚོན་དེ་དག་དུམ་བུ་དུམ་བུར་ཆག་ཅིང་གྲུག་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་༼ འཕགས་བསྟོད ༽ལས། ཁྱོད་ཀྱི་མཚན་ཡང་བྱིན་གྱིས་བརླབས་ཏེ་གང་ཐོས་འཇིགས་པ་ཞི་བ་དང༌། །ཞེས་གསུངས་པ་ཡང་མདོ་འདི་ཉིད་ལ་ཁུངས་གཏུགས་པར་སེམས་སོ། །