4442

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:56, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕག་མོ་གྲུ་པ
Tibetan Definition ཕག་གྲུའི་བཀའ་བརྒྱུད་སྲོལ་གཏོད་པ་པོ་ཡིན་ཞིང༌། མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ་བཀའ་བརྒྱུད་ཀྱི་བདག་པོར་དབང་བསྐུར་བ་རྒྱལ་བ་ཕག་མོ་གྲུ་པ་ཞེས་བྱ་བ་ནི། མདོ་ཁམས་ལྷོ་རྒྱུད་དུ་སྐུ་འཁྲུངས། དགུང་ལོ་དགུ་པ་ལ་རབ་ཏུ་བྱུང༌། ཡི་གེ་དང་ལྷ་བྲིས་མ་བསླབས་པར་མཁྱེན། དགུང་ལོ་བཅུ་དགུ་དང་ཕྱི་ལོ་༡༡༣༡ ལོར་དབུས་སུ་བྱོན། སྟོད་ལུང་དུ་དགེ་བཤེས་རྒྱ་དམར་བ་དང༌། ཕྱྭ་པ་ཆོས་ཀྱི་སེང་གེ་ ལ་ཆོས་གསན། དགུང་གྲངས་ཉི་ཤུ་རྩ་ལྔ་པ་ལ་བསྙེན་པར་རྫོགས། ཕྱི་ལོ་༡༡༤༡ ལོར་མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ། དེ་ནས་དྭགས་ལྷ་སྒམ་པོར་བྱོན་ནས་མཉམ་མེད་དྭགས་པོ་ལྷ་རྗེའི་དྲུང་དུ་གདམས་ངག་གསན་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཆོག་ཏུ་འཁྲུངས་ཏེ། སྔར་གྱི་ཆོས་ཐམས་ཅད་ཕྱི་ཤུན་དང་སྦུན་པ་ལྟར་གྱུར་ཏོ་ཞེས་གྲགས། ལོ་རྒྱུས་ནི། འགྲོ་མགོན་ཕག་མོ་གྲུ་པ་དེ་ཉིད་དང་པོར་གཞུང་ལུགས་ལ་སྦྱངས་པ་མཛད་པའི་ཚེ། འཁོར་བའི་རྩ་བ་འདི་གང་ལ་ཐུག་པ་ཡིན་སྙམ་དུ་དགོངས་པའི་ཚེ་ཐག་ཆོད་པ་ཞིག་མ་བྱུང་བར། ཕྱྭ་པ་ཆོས་ཀྱི་སེང་གེའི་དྲུང་དུ་ཕེབས་ནས་དྲིས་པར། ཐོག་མའི་མ་རིག་པ་ཡིན་གསུང་ཡང་སྒྲོ་འདོགས་མ་ཆོད། ས་ཆེན་གྱི་དྲུང་དུ་ཞུས་པས་རླུང་སེམས་ངོ་བོ་ཐ་དད་དུ་འཛིན་པ་འདི་ཡིན་གསུངས་ཏེ། དེས་ཀྱང་སྒྲོ་འདོགས་མ་ཆོད། དེ་ནས་དྭགས་ལྷ་སྒམ་པོར་མཉམ་མེད་དྭགས་པོ་ལྷ་རྗེའི་དྲུང་དུ་ཕེབས་པས་ཁོང་གིས་ཁྱེད་རང་ལ་ཐག་མ་ཆོད་པ་ཅི་ཡོད་དྲིས་ཤིག་གསུངས་པས། འཁོར་བའི་གཞི་རྩ་མཐར་ཐུག་པ་དེ་གང་ཡིན་ཞུས་པ་ན་དེ་ལ་མི་ཤེས་རྒྱུ་ཅི་ཡོད། ད་ལྟའི་ཐ་མལ་གྱི་སེམས་འདི་ག་ཡིན་གསུངས་པས། ཐུགས་ལ་གཏིང་ནས་འཕྲོད་པ་ཞིག་བྱུང་སྟེ་སྔོན་གྱི་བག་ཆགས་སད་པའི་བྱིན་རླབས་དང་དགའ་སྤྲོ་མོས་གུས་སྨྲ་མི་ཤེས་པ་ལྟ་བུས་ཡིད་གཡོས་ཏེ་དྲན་མེད་དུ་བརྒྱལ་ཞིང༌། དེ་ཀ་རང་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པར་བཤད། ཕག་མོ་གྲུ་པར་ཀུན་བཟང་ནགས་ཁྲོད་དུ་གདན་ས་མཛད་པས་འགྲོ་མགོན་ཕག་མོ་གྲུ་པ་དང༌། རིན་ཆེན་སྤུངས་པར་བྲག་རྩར་བཞུགས་པས་མཐའ་རྩ་བར་ཡང་གྲགས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ངོ་བོ་གཅིག་པར་ཡང་ཞལ་གྱིས་བཞེས། སློབ་མ་བསྐྱངས་པས་གྲུབ་པའི་སྐྱེས་བུ་མང་དུ་བྱོན། ཁོང་གི་གཅེན་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་གི་བདག་པོ་བྱས། རྗེ་ཙོང་ཁ་པ་ཆེན་པོའི་ནཱ་རོ་དྲུག་སྐོར་གྱི་ལུས་སྦྱོང་འཁོར་གྱི་གདམས་པ་འདི་རྒྱལ་བ་ཕག་མོ་གྲུ་པ་ལས་བརྒྱུད་པའི་གདམས་པ་ཡིན་པར་གསུང༌། ཕྱི་ལོ་༡༡༥༨ལོར་གདན་ས་མཐིལ་ཕྱག་བཏབ་པ་བཅས་སོ། །