4470

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:56, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཕར་ཕྱིན་དྲུག
Tibetan Definition ཕྱིན་དྲུག་གི་ཉམས་ལེན། ཕར་ཕྱིན་དྲུག་ཟེར། དྲུག་ནི་སྦྱིན་པའི་ཕར་ཕྱིན། ཚུལ་ཁྲིམས་ཀྱི་ཕར་ཕྱིན། བཟོད་པའི་ཕར་ཕྱིན། བརྩོན་འགྲུས་ཀྱི་ཕར་ཕྱིན། བསམ་གཏན་གྱི་ཕར་ཕྱིན། ཤེས་རབ་ཀྱི་ཕར་ཕྱིན་དང་དྲུག་གོ། འདི་དྲུག་ལ་ཕར་ཕྱིན་ཞེས་བརྗོད་པའི་རྒྱུ་མཚན་ནི། ཕ་རོལ་ཏུ་ཕྱིན་བྱེད་ཡིན་པས་ཆ་ནས་ཡིན་ནོ། །རྒྱལ་སྲས་ཀྱི་བསླབ་བྱའམ་སྤྱོད་པ་མཐའ་ཡས་ཀྱང་གནད་མཐའ་དག་བསྡུས་པའི་སྡོམ་ཆེན་པོ་ཡིན་པར་གསུངས་ཏེ། རྗེའི་ལམ་རིམ་ཆེན་མོ་ལས། གསལ་བའི་དབྱེ་བ་མཐའ་ཡས་ཀྱང་རིགས་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་བྱང་ཆུབ་སེམས་དཔའི་བསླབ་བྱ་རྣམས་འདུ་བས་ཕྱིན་དྲུག་ནི་བྱང་སེམས་ཀྱི་ལམ་གྱི་གནད་མཐའ་དག་བསྡུས་པའི་སྡོམ་ཆེན་པོའོ། །ཞེས་གསུངས་སོ། །སྤྲོས་ཏེ་བཤད་ན། ༡ གཏོང་བའི་སེམས་པ་དང་དེའི་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ལ། སྦྱིན་པ་ཟེར། དེ་ལ་དབྱེ་ན། ཆོས་ཀྱི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ་དང་གསུམ་མོ། །༢ གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་སེམས་ནི། ཚུལ་ཁྲིམས་ཀྱི་ངོ་བོ། ཡང་ན་སྤོང་བའི་སེམས་པ་ཚུལ་ཁྲིམས་ཀྱི་ངོ་བོ། དབྱེ་བ་ནི་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་གསུམ་མོ། །༣ གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང༌། རང་གི་རྒྱུད་ལ་སྡུག་བསྔལ་བྱུང་བ་ལ་དང་དུ་ལེན་པ་དང༌། ཆོས་ལ་ངེས་པར་སེམས་པ་ལ་མོས་པ་ཤིན་ཏུ་གནས་པ་གང་རུང་གིས་བསྡུས་པའི་དགེ་རྩ་དེ། བཟོད་པའི་ངོ་བོ། དབྱེ་བ་ནི་གསུམ་སྟེ། གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ། སྡུག་བསྔལ་བྱུང་བ་ལ་དང་དུ་ལེན་པའི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གསུམ་མོ། །༤ དམིགས་པ་དགེ་བ་ལ་དམིགས་ནས་རྣམ་པ་མངོན་པར་སྤྲོ་བ་དེ། བརྩོན་འགྲུས་ཀྱི་ངོ་བོ། དབྱེ་བ་ལ། གོ་ཆའི་བརྩོན་འགྲུས། དགེ་བའི་ཆོས་སྡུད་ཀྱི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་དང་གསུམ་མོ། །༥ དམིགས་པ་ལས་གཞན་དུ་མི་གཡེང་བར་གནས་པའི་སེམས་རྩེ་གཅིག་པའི་དགེ་བ་དེ། བསམ་གཏན་གྱི་ངོ་བོ། རབ་དབྱེ་ནི། ཚེ་འདི་ལ་ལུས་སེམས་བདེ་བར་གནས་པར་བྱེད་པའི་བསམ་གཏན། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན། སེམས་ཅན་གྱི་དོན་བྱེད་པའི་བསམ་གཏན་དང་གསུམ་མོ། །༦ བརྟགས་པའི་དངོས་པོ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དེ། ཤེས་རབ་ཀྱི་ངོ་བོ། དབྱེ་བ་ནི་གསུམ་སྟེ། དོན་དམ་རྟོགས་པའི་ཤེས་རབ། ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་བྱ་བ་རྟོགས་པའི་ཤེས་རབ་དང་གསུམ་མོ། །སྦྱིན་སོགས་ཀྱི་ཉམས་ལེན་མཐར་ཕྱིན་པའི་སངས་རྒྱས་ཀྱི་གནས་སྐབས་ཀྱི་སྦྱིན་སོགས་དྲུག་ལའང་། ཕར་ཕྱིན་དྲུག་ཟེར་རོ། །འདི་ལ་ཕར་ཕྱིན་ཞེས་བརྗོད་པ་ནི། ཕ་རོལ་སངས་རྒྱས་ཀྱི་སར་ཕྱིན་ཟིན་པས་དེ་ལྟར་དུ་བརྗོད་དོ། །