From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
བཀྲ་ཤིས་རྟགས་བརྒྱད
|
Tibetan Definition
|
གདུགས། གསེར་ཉ། བུམ་པ། པདྨ། དུང་དཀར། དཔལ་བེའུ། རྒྱལ་མཚན། འཁོར་ལོ་དང་བརྒྱད་དོ། །དེ་དག་གི་མཚོན་དོན་ནི། ༡ རིན་ཆེན་གདུགས་ཀྱིས་ནི། ཚེ་འདིའི་ནད་རིམས་གདོན་བགེགས་སོགས་བར་ཆད་མི་མཐུན་པའི་འགལ་རྐྱེན་དང་། ཕྱི་མ་ངན་སོང་གསུམ་དང་། ལྷ་མིའི་སྡུག་བསྔལ་སོགས་འཕྲལ་དང་ཡུན་གྱི་སྡུག་བསྔལ་གྱི་ཚ་གདུང་མཐའ་དག་ལས་སྐྱོབ་ཅིང་། ཕན་བདེའི་གྲིབ་བསིལ་གྱི་དགའ་སྟོན་ཡངས་པོར་འབེབས་པའི་རྟེན་འབྲེལ། ༢ གསེར་ཉས་ནི། ཉ་རྣམས་ཆུ་མཚོར་འཇིགས་མེད་ཅི་དགར་འཕྱོ་ཞིང་རྒྱུ་བ་ལྟར་རང་གཞན་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་འཇིགས་པ་མེད་ཅིང་། བདེ་ནས་བདེ་བར་ཐོགས་མེད་དུ་རང་དབང་གིས་རྒྱུ་ཞིང་རྩེན་པའི་རྟེན་འབྲེལ། ༣ གཏེར་ཆེན་པོའི་བུམ་པས་ནི། ཚེ་དཔལ་ལོངས་སྤྱོད་སོགས་ཁམས་གསུམ་གྱི་སྲིད་དང་ཞི་བའི་ཕྱཱ་གཡང་གི་འདོད་དགུ་མཐའ་དག་ཟད་མི་ཤེས་པ་འཇོ་བའི་རྟེན་འབྲེལ། ༤ པདྨས་ནི། ལུས་ངག་ཡིད་གསུམ་གྱི་མི་དགེའི་ཉེས་སྐྱོན་གྱི་དྲི་མ་མཐའ་དག་དང་བྲལ་ཞིང་། རྣམ་དཀར་དགེ་བའི་འདབ་བརྒྱ་ལྷུག་པར་བཞད་དེ་གཏན་བདེ་ངེས་ལེགས་སྦྲང་རྩིའི་བཅུད་བཟང་ལྷུག་པར་འཇོ་བའི་རྟེན་འབྲེལ། ༥ དུང་དཀར་གཡས་འཁྱིལ་གྱིས་ནི། གདུལ་བྱའི་ཁམས་དབང་མོས་པ་དང་འཚམས་པའི་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་སྙན་པོར་སྒྲོག་པས། འགྲོ་བ་རྣམས་མ་རིག་པའི་རྨོངས་གཉིད་ལས་སློང་ཞིང་། རང་གཞན་གྱི་ཕན་བདེ་སྒྲུབ་པར་བྱ་བར་བསྐུལ་བའི་རྟེན་འབྲེལ། ༦ དཔལ་གྱི་བེའུས་ནི། ཆོས་དང་སྲིད་གཉིས་གཅིག་གྲོགས་གཅིག་ཏུ་འཁྱེར་ཏེ་ཕན་ཚུན་ལུ་གུ་བརྒྱུད་དུ་སྦྲེལ་བ་དང་། དེ་བཞིན་དུ་ལམ་གྱི་དུས་སུ་ཐབས་དང་ཤེས་རབ་ཟུང་འབྲེལ། སྟོང་པ་དང་རྟེན་འབྱུང་འགལ་མེད་ཟུང་དུ་འབྲེལ་བ། འབྲས་བུ་སངས་རྒྱས་ཀྱི་དུས་སུ་མཁྱེན་དང་བརྩེ་བ་ཟུང་འཇུག་བཅས་ཀྱི་རྟེན་འབྲེལ། ༧ རྒྱལ་མཚན་གྱིས་ནི། རང་གཞན་ཀུན་གྱི་སྒོ་གསུམ་བྱ་བ་དང་བཅས་པ་བར་ཆད་མི་མཐུན་པའི་རྐྱེན་གྱིས་བརྫི་བ་མེད་པར་རྒྱལ་བ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནག་ཕྱོགས་བདུད་རིགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ། ༨ གསེར་གྱི་འཁོར་ལོས་ནི། རྒྱལ་བའི་ལུང་དང་རྟོགས་པའི་དམ་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུན་མི་ཆད་པར་འཁོར་ཞིང་། དེ་ལ་བརྟེན་ནས་སྐྱེ་དགུ་རྣམས་རྣམ་གྲོལ་དགེ་བའི་དཔལ་ཡོན་ལ་སྦྱོར་བའི་རྟེན་འབྲེལ་བཅས་སོ། །རྟགས་བརྒྱད་ཀྱི་གཟུགས་བརྙན་གང་དུ་མཆིས་པ་དེར་བཀྲ་ཤིས་ཀྱི་དགེ་ཚན་འཕེལ་བའི་རྟེན་འབྲེལ་མཆིས་པ་ལགས་སོ། །སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་གསུང་ལྟར་བཀོད། འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་མངའ། །བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག །ཅེས་གསུངས་སོ། །དེང་སང་གི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དེ་ཡང་རགས་རིམ་ཙམ་ཞིག་གོང་གི་མདོ་དེ་ལ་གཞི་བྱས་ཏེ་བྲིས་པར་སེམས་སོ། །དེ་ཡང་། ༡ གདུགས་ཀྱིས་སངས་རྒྱས་ཀྱི་དབུ། ༢ གསེར་ཉས་སྤྱན། ༣ བུམ་པས་མགུལ། ༤ པདྨས་ལྗགས། ༥ དུང་དཀར་གྱིས་གསུང་། ༦ དཔལ་བེའུས་ཐུགས། ༧ རྒྱལ་མཚན་གྱིས་སྐུའི་ཆ་སྤྱི། ༨ འཁོར་ལོས་ཞབས་མཚོན་པ་བཅས་སོ། །བཀྲ་ཤིས་རྟགས་བརྒྱད་ཀྱི་དཔེ་རིས་ལ་ཞིབ་བལྟ་བྱས་ན་སྐུ་གཟུགས་ཀྱི་རྣམ་པ་ལམ་ཙམ་ཞིག་མཐོང་ཐུབ། འཁོར་ལོ་དཀྱིལ་དུ་ཡོད་པ་དང་། བུམ་པ་འོག་ཏུ་བཞག་པ་སོགས་ཀྱི་འགྱུར་བཅོས་ཅུང་ཟད་མཛད་པ་ནི་མཛེས་ཆོས་ཀྱི་དབང་གིས་ཡིན་པར་སེམས་སོ། །
|