4992

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:19, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཅོམ་ལྡན་འདས
Tibetan Definition སངས་རྒྱས་སྤྱིའི་མཚན་གྱི་རྣམ་གྲངས་ཤིག དེ་ཡང་བཅོམ་ལྡན་འདས་ཀྱི་སྐད་དོད་བྷ་ག་ཝཱན་ཞེས་པ་བོད་སྐད་དུ་ཐད་སྒྱུར་བྱས་ན་སྐལ་ལྡན་ཏེ། བྷ་ག་ནི་སྐལ་བ་དང་། ཝཱན་ནི་ལྡན་པ་ཡིན་པས་སྐལ་བ་ཕུན་སུམ་ཚོགས་པ་དྲུག་དང་ལྡན་པ་ཉིད་ཀྱི་ཕྱིར་སྐལ་ལྡན་ནམ་བཅོམ་ལྡན་འདས་ཞེས་བརྗོད་དོ། །ཡང་བྷ་ག་ལ་ངེས་ཚིག་གི་ཚུལ་གྱིས་བྷ་ག་ནི་བཅོམ་པ་སྟེ་མི་མཐུན་པའི་ཕྱོགས་སྒྲིབ་གཉིས་དང་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སོགས་གསུམ་དང་། ཕུང་པོའི་བདུད་སོགས་བཞི་མ་ལུས་པར་བཅོམ་པ་དང་བཅོམ་པ་དེ་འདི་ལ་ལྡན་པས་ན། བཅོམ་ལྡན་འདས་ཏེ། ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། བདུད་བཞི་བཅོམ་ཚུལ་ནི། ཁ་ཆེའི་པཎྜི་ཏ་ཆེན་པོ་ཛ་ཡ་ཨཱ་ནནྡས་མཛད་པའི་དབུ་མ་ལ་འཇུག་པའི་འགྲེལ་པའི་བཤད་པ་དོན་གསལ་བར་བྱེད་པ་ཞེས་བྱ་བ་སྡེ་དགེ་བསྟན་འགྱུར་༼ ར་པ ༽༤བ༢ལས། དེ་ལ་མི་གནས་པའི་མྱ་ངན་ལས་འདས་པས་ཕུང་པོའི་བདུད་དང་། འཆི་བདག་གི་བདུད་བཅོམ་མོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པའི་བདུད་བཅོམ་མོ། །བྱམས་པའི་ཏིང་ངེ་འཛིན་གྱིས་ལྷའི་བུའི་བདུད་བཅོམ་མོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་འདས་ཞེས་བྱའོ། །བྷ་ག་ཝཱན་ཞེས་པ་འཇིག་རྟེན་པའི་ལྷ་ལའང་འཇུག་པས། དེ་ལས་ཁྱད་པར་དུ་འབྱེད་པའི་ཕྱིར། སྐད་དོད་ལ་འདས་པ་མེད་ཀྱང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས། འདས་ཞེས་བླ་ཐབས་སུ་བསྣན་ནས་བཅོམ་ལྡན་འདས་སུ་བསྒྱུར་ཏོ། །སྐལ་བའམ་ལེགས་པའི་ཡོན་ཏན་དྲུག་ནི། སམྦུ་ཊ་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། ། (གོང་གི་ཚིགས་བཅད་འདི་རྩ་རྒྱུད་ཀྱི་གཞུང་ཚིག་ཡིན་པར་མཁས་གྲུབ་ཆོས་རྗེའི་དུས་འཁོར་ཊཱིཀྐར་གསུངས། འོན་ཀྱང་རྐང་པ་བཞི་པ་དེ་ཅུང་ཟད་མི་འདྲ། རྗེའི་འགྲེལ་པ་བཞི་སྦྲགས་དང་། རྗེ་གུང་ཐང་པའི་བསྟན་འབར་མའི་ཊཱིཀྐར་སམྦུ་ཊའི་གཞུང་ཚིག་ཡིན་པར་བྱས་ཏེ་དྲངས་འདུག) གོང་གི་ཚིགས་བཅད་དེའི་ཚིག་འགྲེལ་ནི། (དབང་ཕྱུག) ནི། སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རང་དབང་དང་ལྡན་པས་ན་དབང་ཕྱུག (གཟུགས་བཟང) ནི། སྐུ་མཚན་དཔེས་བརྒྱན་པས་ན་གཟུགས་བཟང་བ། (དཔལ) ནི། ཕུན་སུམ་ཚོགས་་པ་མང་པོ་དང་ལྡན་པའི་ཕྱིར་དཔལ། (གྲགས་པ) ནི། སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་གྲགས་པའི་ཕྱིར་གྲགས་པ། (ཡེ་ཤེས) ནི། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཕྱིར་ཡེ་ཤེས་ཕུན་སུམ་ཚོགས་པ། (བརྩོན་འགྲུས) ནི། གཞན་གྱི་དོན་རྒྱུན་མི་འཆད་དུ་བྱེད་པའི་ཕྱིར་བརྩོན་འགྲུས་སོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཕུན་སུམ་ཚོགས་པ་ཞེས་བྱའོ། །བརྒྱད་སྟོང་པའི་འགྲེལ་པ་སྙིང་པོ་མཆོག་དང་། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས་ཏེ་བཀོད། ཡང་ན་རྗེའི་ལེགས་བཤད་གསེར་ཕྲེང་ལས། དེ་བཞིན་ཉིད་རྣམ་རྟོག་གི་བག་ཆགས་མ་ལུས་པས་བདེན་པས་དབང་ཕྱུག་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གཟུགས་བཟང་བ། མཉམ་ཉིད་ཡེ་ཤེས་ཀྱིས་དཔལ་དང་གྲགས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་སྒྲུབ་ཡེ་ཤེས་ཀྱིས་བརྩོན་འགྲུས་ཏེ། ཞེས་ཀྱང་གསུངས་སོ། ། (ས་སྐྱ) འཇམ་མགོན་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་དང་། དེའི་འགྲེལ་ཊཱིཀ་བྱམས་ཆེན་རབ་འབྱམས་པ་ཀུན་མཁྱེན་སངས་རྒྱས་འཕེལ་དང་། པཎ་ཆེན་གོ་བོ་རབ་འབྱམས་པ། ཀུན་མཁྱེན་ཤཱཀྱ་མཆོག་ལྡན་སོགས་ཀྱི་སྡོམ་གསུམ་གྱི་སྤྱི་དོན་དང་། དཔལ་བསམ་ཡས་པ་བཤེས་གཉེན་བསོད་ནམས་དཔལ་ལྡན་གྱིས་མཛད་པའི་འགྲེལ་ཊཱིཀ་སོགས་ལས་ཀྱང་གོང་བཞིན་དུ་གསུངས་ཡོད་འདུག་གོ། (བཀའ་བརྒྱུད) བཅོམ་ལྡན་འདས་ཞེས་ཅིའི་སླད་དུ་བརྗོད་ཅེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལ། བྷ་གའི་སྒྲ་སྐལ་བ་དང་བཅོམ་པ་གཉིས་ཀ་ལ་འཇུག་པའི་ཡོན་ཏན་མ་ཚང་བ་མེད་པ་མངའ་བས་བཅོམ་ལྡན་འདས་ཞེས་བརྗོད། བྷ་གའམ་སྐལ་བ་ནི་རྣམ་པ་དྲུག་ཏུ་བརྗོད་དེ། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་ལྡན་བྷ་ག་ཝཱན་ཞེས་བྱ། །ཞེས་གསུངས་པའི་ཡོན་ཏན་ཀུན་དང་ལྡན་པ་ཉིད་དོ། །ཡང་ན་བྷ་ག་ཎ་ནི་བཅོམ་པ་སྟེ། ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུ་དང་ཕུང་པོའི་བདུད་བཞི་པོ་འཇོམས་པའི་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད་པར་བྱ་ཞིང་། འདས་ཞེས་པ་ལོ་ཙཱ་བས་བསྣན་པ་ཁོ་ན་མིན་ཏེ། སྲིད་པ་ལས་འདས་ཞེས་འབྱུང་བས་བྷ་ག་སྲིད་པ་དང་། ག་ཏ་འདས་པ་ཡིན་པས། འདིར་ག་ཡིག་གིས་འདས་པའི་སྒྲ་སྟོན་པ་འགོས་ལོ་ཆེན་པོ་བཞེད། ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བརྟག་གཉིས་སྤྱི་དོན་ལས། འདས་ཞེས་པ་ནི་སྲིད་པའི་སྐྱོན་ལས་རིང་དུ་འདས་པའམ། སྲིད་ཞིའི་མཐའ་གཉིས་ལས་འདས་པ་སྟེ་འཇིག་རྟེན་པའི་ལེགས་ལྡན་སོགས་ལས་ཁྱད་པར་དུ་བྱ་བའི་ཕྱིར་བོད་ཀྱི་རྒྱལ་པོའི་བཀས་བཅད་པའི་ཚིག་གོ །ཞེས་གསུངས།