5007

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:19, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཏང་སྙོམས
Tibetan Definition སྤྱིར་བཏང་སྙོམས་ཞེས་པ་བར་མའི་དོན་ཡིན། བཏང་སྙོམས་ལ་དབྱེ་ན། ཚད་མེད་བཏང་སྙོམས། ཚོར་བ་བཏང་སྙོམས། འདུ་བྱེད་བཏང་སྙོམས། (བཏང་སྙོམས་ལ། འདུ་བྱེད་བཏང་སྙོམས། ཚོར་བ་བཏང་སྙོམས། ཚད་མེད་བཏང་སྙོམས་གསུམ་ཡོད་པར། རྗེའི་ལམ་རིམ་ཆེན་མོར་གསུངས) ཡལ་བར་འདོར་བའི་བཏང་སྙོམས། ཁ་ཡ་མི་བྱེད་པའི་བཏང་སྙོམས་བཅས་ཡོད་པ་ལས། 1 ཚད་མེད་བཏང་སྙོམས་ལ་གཉིས་ཏེ། རང་ཉིད་སེམས་ཅན་རྣམས་ལ་ཉེ་རིང་ཆགས་སྡང་དང་བྲལ་ནས་སེམས་སྙོམས་པ་བསྒྲུབ་པའི་ཚད་མེད་བཏང་སྙོམས་དང་། ཡང་། ཡུལ་སེམས་ཅན་རྣམས་ནང་ཕན་ཚུན་ཉེ་རིང་ཆགས་སྡང་མེད་པར་བསྒྲུབ་པའི་ཚད་མེད་བཏང་སྙོམས་གཉིས་ཡོད་པ་ལས། སྔ་མ་དེ་གལ་ཆེ་ཞིང་ལམ་རིམ་སོགས་སུ་གསུངས་པའི་ཚད་མེད་བཏང་སྙོམས་ཀྱང་སྔ་མ་ཉིད་ལ་ངོས་བཟུང་དགོས་སོ། །སྒྲ་བཤད་ནི། ཆགས་སྡང་གི་བློ་བཏང་ནས་སེམས་སྙོམས་པ་བསྒྲུབ་པས་ན་བཏང་སྙོམས་ཞེས་བྱའོ། །2 ཚོར་བ་བཏང་སྙོམས་ནི། བདེ་སྡུག་གང་ཡང་མིན་པའི་ཚོར་བའོ། །3 འདུ་བྱེད་བཏང་སྙོམས་ནི། བྱ་རྩོལ་བྲལ་བའི་བར་མའོ། །དུག་གསུམ་མེད་པ་བརྩོན་འགྲུས་དང་བཅས་པ་ལ་བཏགས་པའི་བཏགས་ཆོས་གང་ཞིག བྱིང་རྒོད་འགོག་པའི་རྩོལ་བ་ཆེན་པོས་བསྒྲིམ་མི་དགོས་པར་སེམས་བྱིང་རྒོད་ཀྱིས་མི་ཉམས་པར་བྱེད་པས་རབ་ཏུ་ཕྱེ་བའི་སེམས་བྱུང་དེ། དགེ་བ་བཅུ་གཅིག་གི་བཅུ་པ་བཏང་སྙོམས་ཀྱི་ངོ་བོ། །འདི་ལ་འདུ་བྱེད་བཏང་སྙོམས་ཀྱང་ཟེར། བྱེད་ལས་ནི། བྱིང་རྒོད་སོགས་ཀྱི་སྐབས་འབྱེད་པའོ། །བྱིང་རྒོད་ཀྱི་སྐབས་འབྱེད་ཅེས་པ་ནི་དེ་གཉིས་བསྒྲིམས་ཏེ་མི་འགོག་པར་འོང་དུ་བཅུག་པའི་དོན་ནོ། །བྱིང་རྒོད་དང་བྲལ་བའི་ཚེ་བཏང་སྙོམས་སུ་མ་བཞག་པར་བྱིང་རྒོད་ཀྱི་གཉེན་པོ་བསྟེན་ན་ཉེས་པ་ཅི་ཡོད་སྙམ་ན། རྩོལ་བ་བསྟེན་ན་སེམས་གཡེངས་བའི་དགག་བྱ་ཡོད་པའི་ཕྱིར་ཏེ། སྒོམ་རིམ་བར་པ་ལས། གང་གི་ཚེ་བྱིང་བ་དང་རྒོད་པ་དང་བྲལ་བར་གྱུར་ནས་མཉམ་པར་ཞུགས་ཏེ་དེ་ཁོ་ན་ཉིད་ལ་སེམས་རང་གི་ངང་གིས་འཇུག་པར་འགྱུར་བ་དེའི་ཚེ་རྩོལ་བ་གློད་དེ་བཏང་སྙོམས་སུ་བྱའོ། །གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་བརྩལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །ཞེས་གསུངས་སོ། །སྒྲ་བཤད་ནི། བྱིང་རྒོད་འགོག་པའི་འདུ་བྱེད་དམ་རྩོལ་བ་བཏང་ནས་སེམས་སྙོམས་པ་སྟེ་རྣལ་དུའམ་རང་བབས་སུ་བཞག་པས་ན་དེ་སྐད་ཅེས་བྱའོ། །4 ཡལ་བར་འདོར་བ། སྣང་མེད་དུ་བཞག་པ། བར་མ་དོར་བཞག་པ་བཅས་ཀྱི་དོན། རྗེའི་སྐབས་གསུམ་མ་ལས། མ་བརྟགས་བཏང་སྙོམས་ཅུང་ཟད་མི་མངའ་ཡང་། །སྐལ་ངན་བདག་གི་ཉེས་པ་ཁོ་ནར་ཟད། །ལྟ་བུ་དང་། རྗེའི་བྱམས་པའི་བསྟོད་ཆེན་ལས། ངེས་པར་ལེགས་པའི་གོ་འཕང་སྨོས་ཅི་དགོས། །ལམ་གྱི་རྟེན་དུ་ཐུབ་པས་བསྔགས་པ་ཡི། །མཐོ་རིས་ཙམ་ཡང་ཐོབ་པའི་གདེང་མེད་པ། །བདག་ལ་ཁྱེད་ཀྱིས་བཏང་སྙོམས་མཛད་ལགས་སམ། །ཞེས་གསུངས་པ་ལྟར་རོ། །ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས་ཀྱང་། རིག་སྔགས་ལོག་པར་ཤེས་པ་དུག །ནད་ལ་བཏང་སྙོམས་བྱས་པ་དུག །རྒན་པོས་གཞོན་ནུ་བསྟེན་པ་དུག །དབུལ་པོ་ཉིན་པར་ཉལ་པ་དུག །ཅེས་གསུངས། 5 ཁ་ཡ་མི་བྱེད་པ། ཅམ་འཇོག ཕལ་སྐད་དུ་དབྱུག་གཞག ཙུག་གེ་གཞག་ཅེས་པ་རྣམས་དོན་འདྲ། དཔེར་ན་བཏང་སྙོམས་སུ་བཞག་ན་མཛེས་སོ་ཞེས་པ་ལྟ་བུའོ། །རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་གྱི་དབྱེ་བསལ་ཐམས་ཅད་བཏང་སྙོམས་སུ་བཞག་ནས། ཞེས་སོགས་བཤད་པ་ལྟར་རོ། །