5087

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:20, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་ལྷག་པར་གྱུར་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་ཐ་མ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་ལྷག་པ་བྱེད་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་ལ་ལུས་བོང་སངས་རྒྱས་ཀྱི་སྐུ་ལུས་ཙམ་མེད་པར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དམ་དེ་བས་ལྷག་པའི་ཆོས་གོས་གསུམ་ལས་གང་ཡང་རུང་བ་རང་ངམ་བསྐོས་པས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ཉེ་དགས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་ཆོས་གོས་བཟོ་བྱེད་དུ་བཅུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་བླ་མ་ལྟར་འཆོས་པ་དང་། དོན་དང་བྱ་བ་མང་བའོ། །འོ་ན་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དེ་ཇི་ལྟ་བུ་ཡིན་ཞེ་ན། མཚོ་ཊཱིཀ་ལས། ཊཱི་ཀ་ལས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱེད་ན་ཞེས་པ་ནི་རང་གི་ཁྲུ་ཚད་ལས་སུམ་འགྱུར་དུ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བའོ་ཞེས་སོ། །དེ་ལྟར་ན་སངས་རྒྱས་ཀྱི་ཆོས་གོས་གཅིག་ལ་ནི་དགེ་སློང་ལུས་བོང་འབྲིང་པོའི་ཆོས་གོས་དགུའོ། །ཞེས་གསུངས་པ་ལྟར་རོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཞིབ་པར་གོང་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཅེས་པའི་ཐད་དུ་གཟིགས།