5450

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:21, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསོད་ནམས
Tibetan Definition སྤྱིར་བསོད་ནམས་ལ་གོ་དོན་ལ། 1 དགེ་བའི་ལས། སྒྲ་སྦྱོར་བམ་གཉིས་ལས། པུཎྱ་ཞེས་བྱ་བ་པུཎྱ་ཀརྨྨ་ནི་ཤུབྷ་ཞེས་འབྱུང་སྟེ། དགེ་བའི་ལས་ལ་བྱ། ཞེས་དང་། 2 དག་པར་བྱེད་ཅིང་གཙང་བར་བྱེད་པ། ཀླུ་སྒྲུབ་ཀྱི་བཟང་སྤྱོད་འགྲེལ་པ་༡༧༤བ་ལས། བསོད་ནམས་སྟོབས་ཞེས་བྱ་བ་ནི་དག་པར་བྱེད་ཅིང་གཙང་བར་བྱས་པས་བསོད་ནམས་ཡིན་པའམ། ཞེས་གསུངས། 3 ཡང་ནས་ཡང་ལེགས་པར་འགྱུར་བ། ཀླུ་སྒྲུབ་ཀྱི་བཟང་སྤྱོད་འགྲེལ་པ་༡༧༤བ་ལས། ཡང་ནས་ཡང་ལེགས་པར་འགྱུར་བས་ན་བསོད་ནམས་ཏེ། ཞེས་གསུངས། དེ་གསུམ་ནི་ཚིག་རིས་ཙམ་ལ་ཁྱད་པར་ཡོད་ཀྱང་དོན་གཅིག་པར་སེམས་ཏེ། དཔེར་ན་སྲོག་གཅོད་སྤོང་བའི་ལས་ལྟ་བུ། ངོ་བོ་བཟང་པོའམ་ལེགས་པའི་ལས་ཡིན་པས། དགེ་བའི་ལས་དང་། དེས་སྡིག་པ་དག་པར་བྱེད་ཅིང་གཙང་བར་བྱེད་པས་ན། དག་བྱེད་དམ་གཙང་བྱེད། དེའི་ངོ་བོ་ཡང་ནས་ཡང་དུ་ལེགས་པའི་ཕྱོགས་སུ་འགྱུར་བའི་ཕྱིར། གཞི་གཅིག་ལ་ཐ་སྙད་མི་འདྲ་བ་གསུམ་བཏགས་པར་ཟད་དོ། །དེ་ལྟར་ནའང་། ཡོངས་གྲགས་སུ་བསོད་ནམས་ཞེས་པ། དགེ་བ། རྣམ་དཀར། རྣམ་དཀར་གྱི་ལས། སྤྱོད་འཇུག་ཆེན་མོ་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་གསུངས་པ་ལྟར་རོ། །དེའི་ཐད་ཀྱི་སྤྱོད་འཇུག་དར་ཊཱིཀ་ལས། ཇི་ལྟར་ཏེ་དཔེར་ན་མཚན་མོ་མུན་ནག་སྤྲིན་རུམ་ནས་གློག་འགྱུ་བའི་རྐྱེན་གྱིས་དུས་སྐད་ཅིག་ཙམ་གཟུགས་རབ་ཏུ་སྣང་བ་སྟོན་པ་ལྟར། དེ་བཞིན་དུ་སངས་རྒྱས་ཀྱི་མཐུ་ཡིས་བརྒྱ་ལམ་ན་འཇིག་རྟེན་པ་རྣམས་ལ་བསོད་ནམས་བྱ་སྙམ་པའི་དགེ་བ་སྒྲུབ་པའི་བློ་གྲོས་ཐང་འགའ་ཙམ་འབྱུང་གི། དུས་རྒྱུན་དུ་མི་འབྱུང་ལ་རྒྱུ་མཚན་དེ་ལྟ་བས་ན་དགེ་བ་ཉམ་ཆུང་པ་ཉིད་ལ་དུས་རྟག་ཏུ་གནས་པ་དང༌། ཞེས་གསུངས་པ་ལྟར་རོ། །ཤེས་རབ་སྡོང་བུ་ལས། གཞན་འབྱོར་རིགས་དང་གཟུགས་དང་ནད་མེད་ཉིད། །མཐོང་ནས་འདིར་ནི་ཅི་ཕྱིར་གདུང་བ་བྱེད། །གལ་ཏེ་འདི་ཀུན་ཁྱོད་འདོད་བསོད་ནམས་ཀྱི། །ས་བོན་ལས་ནི་འབྲས་འབྱུང་མ་ཐོས་སམ། །ཞེས་དང་། ས་སྐྱ་ལེགས་བཤད་ལས། དེས་ན་མཁས་པས་བསོད་ནམས་གསོག །བསོད་ནམས་ཁོ་ན་ཕུན་ཚོགས་རྒྱུ། སུ་ཞིག་གང་ན་ཕུན་ཚོགས་པ། དེ་ནི་བསོད་ནམས་བསགས་པའི་རྟགས། །ཞེས་གསུངས། མིང་གི་རྣམ་གྲངས་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ཆོས་དང་ལེགས་བྱས་སྐལ་བ་བཟང་། །ཁར་རྗེ་ཁྱུ་མཆོག་ཉམས་དགའ་བ། །དགེ་བའི་ཆོ་ག་བདེ་ལེགས་དང་། །སྡིག་ཟད་དམ་པ་བསོད་ནམས་སོ། །ཞེས་གསུངས་སོ། །སྒྲ་བཤད་ནི། བསོད་ནི་བསོད་པ་སྟེ་བཟང་པོའི་དོན་དང་། ནམས་ནི་བསྣམས་པའི་དོན་ཡིན་པས། དད་ལྡན་གྱིས་ཟས་བསོད་པ་ཕུལ་བ་དེ་ཉིད་ཕྱག་ཏུ་བསྣམས་ཏེ་ཕེབས་པ་ལས་བསོད་ནམས་ཞེས་མིང་བཏགས་སོ། །སྒྲ་སྦྱོར་བམ་གཉིས་ལས། པུཎྱ་ཞེས་བྱ་བ་པུཎྱ་ཀརྨྨ་ནི་ཤུབྷ་ཞེས་འབྱུང་སྟེ། དགེ་བའི་ལས་ལ་བྱ། ཡང་རྣམ་པ་གཅིག་ཏུ་ན་པུཎྱཏིཔབིཏྲྀཀརོཏི་ཞེས་བྱ་སྟེ། སྡིག་པ་སྦྱོང་ཞིང་གཙང་མར་བྱེད་པ་ལ་ཡང་བྱ། དངོས་སུ་ན་གཞན་ལ་ཕན་ཞིང་བསོད་པས་གསོས་ཤིང་བསྣམས་པའི་མིང་སྟེ་བསོད་ནམས་སུ་བཏགས། ཞེས་གསུངས་སོ། །ཡང་ན། ངན་སོང་རྣམས་ལས་སྲུང་ཞིང་སྐྱོབ་པས་ན་བསོད་ནམས་སོ། །ཞེས་རིན་ཆེན་ཕྲེང་བའི་རྒྱ་ཆེར་བཤད་པ་༡༣༨ན༥ལས་བཤད་པ་ལྟར་རོ། །