5565

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:21, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བསྟན་པ་སྔ་དར
Tibetan Definition (འདུལ་བ) ལྷ་ཐོ་ཐོ་གཉན་བཙན་གྱི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོང་བཙན་གྱི་དུས་སུ་སྲོལ་བཏོད། ཁྲི་སྲོང་གི་དུས་སུ་དག་ཐེར་མཛད། ཁྲི་རལ་གྱི་དུས་སུ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་འཕེལ་རྒྱས་སུ་གནས་པ་དེ། གླང་དར་གྱིས་མ་བསྣུབས་པའི་བར་གྱི་བསྟན་པའི་འཕེལ་རིམ་ལ་བསྟན་པ་སྔ་དར་ཞེས་ཟེར་རོ། །ཅུང་ཟད་ཞིབ་ཏུ་བཤད་ན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་རྒྱལ་པོའི་ཕོ་བྲང་གི་སྟེང་དུ་སྤང་སྐོང་ཕྱག་བརྒྱ་པའི་གླེགས་བམ་སོགས་ནམ་མཁའ་ལས་བབས་པ་ཚིག་དོན་མ་ཤེས་ཀྱང༌། མཚན་གཉན་པོ་གསང་བར་བཏགས་ནས་མཆོད་དེ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོའི་དུས་སུ་བོད་ཡིག་སྔར་མེད་སྲོལ་བཏོད། བོད་ཀྱི་རྟེན་གྱི་གཙོ་བོ་མི་བསྐྱོད་རྡོ་རྗེ་དང༌། ཇོ་བོ་ཤཱཀྱ་མུ་ནེ་གཉིས་སྤྱན་དྲངས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོ་བཞེངས། སངས་རྒྱས་ཕལ་མོ་ཆེ་ལ་སོགས་པ་ཆོས་མང་པོ་བོད་སྐད་དུ་བསྒྱུར་ནས་བསྟན་པའི་སྲོལ་བཏོད། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་མཁན་ཆེན་ཞི་བ་འཚོ་དང༌། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པ་བཤེས་གཉེན་དུ་མ་གདན་དྲངས། བཻ་རོ་ཙ་ན་ལ་སོགས་པ་སད་མི་བདུན་རབ་ཏུ་བྱུང༌། དེ་ལ་བརྟེན་ནས་ངུར་སྨྲིག་འཛིན་པའི་རབ་བྱུང་གི་སྡེ་འཕེལ། ཀ་ཅོག་ཞང་གསུམ་སོགས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མང་དུ་བྱུང་བས་མདོ་རྒྱུད་དགོངས་འགྲེལ་དུ་མ་བསྒྱུར། ཆོས་རྒྱལ་གྱིས་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཏེ་ཅི་ཡང་ཡིད་ལ་མི་བྱེད་པའི་རྒྱ་ནག་ཧ་ཤང་མ་ཧཱ་ཡ་ནའི་ལྟ་ངན་རིགས་པས་སུན་ཕྱུང་ནས་སྒོམ་རིམ་གསུམ་མཛད་དེ་ལྟ་སྤྱོད་རྣམ་པར་དག་པ་སྤེལ་བར་མཛད་དོ། །མངའ་བདག་ཁྲི་རལ་གྱི་དུས་སུ་པཎྜི་ཛི་ན་མི་ཏྲ་ལ་སོགས་པ་མཁས་པ་དུ་མ་སྤྱན་དྲངས་ཏེ། དམ་པའི་ཆོས་དུ་མ་བོད་དུ་བསྒྱུར་ཅིང་གསུང་རབ་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་འཕེལ་རྒྱས་སུ་ཡོད་པ་དེ་ཉིད། གླང་དར་གྱིས་མ་བསྣུབས་པའི་བར་གྱི་བསྟན་པའི་འཕེལ་རིམ་ལ་བསྟན་པ་སྔ་དར་ཞེས་བྱའོ། །བོད་རྒྱ་ཚིག་མཛོད་ཆེན་མོར། སྔར་ལྷ་ཐོ་ཐོ་གཉན་བཙན་གྱི་དུས་སུ་དབུ་བརྙེས་པ་ནས་བཟུང་ཞེས་གསུང་རྒྱུ་ཡིན་པ་ལ།སྔར་གཉའ་ཁྲི་བཙན་པོའི་དུས་སུ་དབུ་བརྙེས་པ་ནས་བཟུངཞེས་འཁོད་འདུག་པ་ཡིག་ནོར་ཡིན་ངེས་ཤིང༌། གཞན་ཡང༌། སྲོལ་བཏོད་གསུང་རྒྱུ་ལ།སྲོལ་གཏོདཅེས་འཁོད་འདུག་པ་ཡང་ཡིག་ནོར་རོ། །