From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| བསླབ་པ་གསུམ
|
| Tibetan Definition
|
<ཏྲི་ཤིཀྵཱ> བསླབ་པའམ་བསླབ་བྱ་གསུམ་ནི། ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་དང་གསུམ་མོ། །བསླབ་པ་ནི་བསླབ་བྱ་ཞེས་པའི་དོན་ཏེ། དཔེར་ན་དམིགས་བྱ་ལ་དམིགས་པ། བཟའ་བྱ་ལ་བཟའ་བ། བཏུང་བྱ་ལ་བཏུང་བ་ཟེར་བ་ལྟ་བུས་མཚོན་ནོ། །རྒྱ་གར་དུ་འདི་ལ་བསླབ་པ་གསུམ་དང་། བོད་དུ་ལྟ་སྒོམ་སྤྱོད་གསུམ་གྱི་ཐ་སྙད་བྱེད་པར། གུང་ཐང་བསྟན་པའི་སྒྲོན་མེ་གསུང་ངོ་། །སྒྲ་བཤད་ནི། བསླབ་པར་བྱ་བ་ཡིན་པས་ན་བསླབ་པ་སྟེ་བྱ་ཚིག་མིང་དུ་གྱུར་པའོ། །ཚུལ་ཁྲིམས་ཀྱི་བསླབ་པས་ཐོག་མར་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་སོགས་ལུས་ངག་གི་ཉེས་སྤྱོད་རགས་པ་རྣམས་འགོག་པར་བྱེད། ཏིང་ངེ་འཛིན་གྱི་བསླབ་པས་དེ་ལས་ཅུང་ཟད་ཕྲ་བའི་འདོད་ཆགས་དང་ཞེ་སྡང་སོགས་ཉོན་མོངས་མངོན་གྱུར་བའི་རིགས་ཀྱི་ཉེས་སྤྱོད་རྣམས་ཉམས་དམས་པའི་སྒོ་ནས་འགོག་པར་བྱེད་པ་དང༌། ཤེས་རབ་ཀྱི་བསླབ་པས་ནི་ཤིན་ཏུ་ཕྲ་བའི་ཉོན་མོངས་པ་ས་བོན་དང་བཅས་པ་རྣམས་རྩ་བའམ་དྲུང་ནས་འབྱིན་པར་བྱེད་དོ། །རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་ཀྱིས་བསླབ་པ་གསུམ་རྣམ་པར་བཞག་པ་ཡིན་ནོ། །དཔེར་ན་དུག་ཤིང་ཆེན་པོ་ཞིག་ལ་མཚོན་ན། དང་པོ་ཡལ་ག་དང་ལོ་མ་རྣམས་གཅོད། དེ་ནས་སྡོང་པོ་ཡོངས་རྫོགས་གཅོད། དེ་ནས་སླར་མི་སྐྱེ་བར་བྱ་བའི་ཕྱིར་རྩ་བ་ནས་བཀོག་པ་ལྟ་བུའོ། །ཡལ་ག་དང་ལོ་མ་གཅོད་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། སྡོང་པོ་ཡོངས་རྫོགས་གཅོད་པ་ཏིང་ངེ་འཛིན་གྱི་བསླབ་པ། རྩ་བ་ནས་བཀོག་པ་ནི་ཤེས་རབ་ཀྱི་བསླབ་པའི་བྱེད་ལས་ཡིན་ནོ། །མདོར་ན་དང་པོ་ཉེས་སྤྱོད་རགས་པ། དེ་ནས་ཅུང་ཟད་ཕྲ་བ། མཐར་ཤིན་ཏུ་ཕྲ་བའི་ཉེས་སྤྱོད་རྣམས་འགོག་པར་མཛད་དོ། །ཚུལ་འདི་ལ་བསམས་ན་སངས་རྒྱས་བཅོམ་ལྡན་འདས་ནི་གདུལ་བྱ་འདུལ་བ་ལ་ཤིན་ཏུ་ཐབས་ལ་མཁས་པ་ཞིག་གོ་སྙམ་པའི་དད་པའི་སྤུ་ལོང་རང་དབང་མེད་པར་གཡོ་བ་ཞིག་འོང་ངོ༌། །དེ་འདྲ་བྱུང་ན་བསླབ་པ་གསུམ་ངོས་བཟུང་ཞིང་དེ་ལ་གོ་བ་ལེགས་པར་ཆགས་པ་ཡིན་ནོ། །གཞན་ཡང་བསླབ་པ་གསུམ་ནི། མིག་དང་རྐང་པ་ལ་དཔེ་སྦྱར་ནས་གསུངས་ཏེ། དེ་ཡང་ལྷག་པའི་ཤེས་རབ་ནི་མིག་དང་འདྲ་ལ། ཏིང་ངེ་འཛིན་དང་ཚུལ་ཁྲིམས་ཀྱི་བསླབ་པ་ནི་རྐང་པ་དང་འདྲ་སྟེ། ལྷག་པའི་ཤེས་རབ་ཀྱི་མིག་གིས་བལྟས་ཤིང་། ཏིང་ངེ་འཛིན་དང་ཚུལ་ཁྲིམས་ཀྱི་བསླབ་པའི་རྐང་པས་ཕྱིན་ཏེ། རང་འདོད་པའི་ཐར་པའི་གོ་འཕང་ལ་ཕྱིན་པར་བྱེད་པ་ཡིན་ནོ། །སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༣༣བ༣ལས། བསླབ་པ་གསུམ་དང་སྦྱར་ན་ལྷག་པའི་ཤེས་རབ་ནི་རིག་པ། ལྷག་པའི་སེམས་དང་ལྷག་པའི་ཁྲིམས་ནི་རྐང་པ། ཞེས་གསུངས་སོ། །
|