From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| བུ་རམ་ཤིང་པ
|
| Tibetan Definition
|
སྟོན་པ་ཤཱཀྱ་ཐུབ་པའི་རིགས་བརྒྱུད་ཀྱི་མིང༌། བུ་རམ་ཤིང་པ། ཉི་མའི་གཉེན། ཉི་མའི་རིགས། གཽ་ཏ་མ། ཡན་ལག་སྐྱེས་རྣམས་དོན་གཅིག་ཡིན། ལོ་རྒྱུས་ནི། སྔོན་ཡུལ་གྲུ་འཛིན་དུ་རྒྱལ་རབས་ཉིས་བརྒྱ་འདས་པའི་རྗེས་སུ་རྒྱལ་པོ་རྣ་བ་ཅན་ཞེས་བྱ་བ་བྱུང༌། དེ་ལ་བུ་གཉིས་ཡོད་པ་ཆེ་བའི་མིང་གཽ་ཏ་མ། ཆུང་བའི་མིང་བྷ་ར་དྷཱ་ཛ། གཽ་ཏ་མ་རབ་ཏུ་བྱུང༌། བྷ་ར་དྷཱ་ཛས་རྒྱལ་པོ་བྱས་ཀྱང་དེ་ལ་སྲས་མ་འཁྲུངས། ཕུ་བོ་གཽ་ཏ་མ་མི་བསད་པའི་མ་ཉེས་ཁག་གཡོགས་ཀྱིས། གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་རྣམས་ཀྱིས་གསལ་ཤིང་གི་རྩེ་ལ་བསྐྱོན་ཏེ་བཞག་གོ། དེ་གཽ་ཏ་མའི་མཁན་པོ་མདོག་ནག་གིས་མཐོང་བ་ན། མཁན་པོ་མངོན་པར་ཤེས་པ་ཐོབ་པ་ཡིན་པས་དེས་རྫུ་འཕྲུལ་གྱིས་རྫི་ཆར་ཆེན་པོ་སྦྲུལ་ནས་ཆར་པའི་ཐིགས་པས་དེའི་ལུས་ལ་ཕོག་པ་དང༌། དེ་ནས་ཆར་པ་དང་རླུང་གྲང་མོས་རེག་པས་སྡུག་བསྔལ་རྣམ་པར་མནན་ནས། དེས་སྔོན་གྱི་ཡུལ་ལ་སྤྱད་པས་རྗེས་སུ་དྲན་པར་བྱ་བར་བརྩམས་སོ། །གང་གི་ཚེ་དེས་འཁྲིག་པའི་འདོད་ཆགས་རྗེས་སུ་དྲན་པར་བྱས་པ་ལས་ཁུ་བའི་ཐིགས་པ་གཉིས་ཁྲག་དང་ལྷན་ཅིག་ས་ལ་ལྷུང་ངོ་། །ཁུ་བའི་ཐིགས་པ་དེ་གཉིས་སྒོ་ང་གཉིས་སུ་གྱུར་ནས་ཉི་མ་ཤར་བའི་དུས་ཀྱི་ཚེ་ཉི་མའི་འོད་ཟེར་གྱིས་སྨིན་ནས་རྡོལ་བ་དང་ཁྱེའུ་གཉིས་ཤིག་བྱུང་ནས། དེ་དང་ཧ་ཅང་ཡང་མི་རིང་བའི་བུ་རམ་ཤིང་གི་ཚལ་གསེབ་དེར་དེ་གཉིས་ཞུགས་སོ། །དེ་ནས་ཉི་མའི་འོད་ཟེར་ཤིན་ཏུ་ཚ་བ་བྱུང་སྟེ། ཉི་མའི་འོད་ཟེར་གྱིས་དྲང་སྲོང་གཽ་ཏ་མ་གདུངས་ནས་ཤིའོ། །དེ་ནས་དྲང་སྲོང་གསེར་མདོག་འོངས་ནས་ཤི་བ་མཐོང་ནས་དེས་གསལ་ཤིང་གི་ཉེ་འཁོར་དུ་བལྟས་ན་སྒོ་ང་རྡོལ་བའི་ཁོག་པ་གཉིས་ཤིག་འདུག་ནས་དེ་ཕན་ཚུན་རྗེས་གཅོད་ཅིང་བུ་རམ་ཤིང་གི་ཚལ་གསེབ་ཏུ་ཞུགས་པ་ལས། ཇི་ཙམ་ན་ཁྱེའུ་གཉིས་ཤིག་མཐོང་ངོ་། །དེས་འདི་གཉིས་སུའི་བུ་ཡིན་ཞེས་བསམ་པ་ལ་ཞུགས་པ་དང༌། དྲང་སྲོང་གཽ་ཏ་མའི་ཡིན་པར་ཤེས་ནས། དེ་ནས་དེ་ལྷག་པར་སྡུག་པ་སྐྱེས་ཏེ། དེས་དེ་གཉིས་བསྟི་གནས་སུ་ཁྲིད་ནས་བསྣུན་བསྙོད་དེ། དེ་གཉིས་ཀྱི་མིང་བཏགས་པ་ན། ཉི་མ་ཤར་བའི་ཚེ་ཉི་མའི་འོད་ཟེར་གྱིས་སྨིན་པར་བྱས་པ་ལས་འདི་གཉིས་སྐྱེས་པར་གྱུར་པས་དེ་བས་ན་ཉི་མའི་རིགས་ཡིན་པས་ཉི་མའི་རིགས་ཉི་མའི་གཉེན་ཞེས་བྱ་བར་གྱུར་ཏོ། །དྲང་སྲོང་གཽ་ཏ་མའི་བུ་ཡིན་པས་མིང་གཉིས་པ་གཽ་ཏ་མ་ཞེས་བྱ་བར་གྱུར་ཏོ། །རང་གི་ཡན་ལག་ལས་སྐྱེས་པས་མིང་གསུམ་པ་ཡན་ལག་སྐྱེས་ཞེས་བྱ་བར་གྱུར་ཏོ། །བུ་རམ་ཤིང་གི་ཚལ་གསེབ་ནས་རྙེད་པས་མིང་བཞི་པ་བུ་རམ་ཤིང་པ་ཞེས་བྱ་བར་གྱུར་ཏོ། །འདུལ་བ་ལུང་གཞི་༼ ག་པ ༽སོགས་ལ་གཞི་བྱས་ཏེ་བཀོད། ས་སྐྱའི་རྒྱལ་རབས་གསལ་བའི་མེ་ལོང་ཤོག་གྲངས་༦ནའང་འདི་དང་ཕལ་ཆེར་འདྲ་བ་ལ་མི་མཐུན་པ་འགའ་རེ་འདུག་པས། དེའི་ཁུངས་གང་ལ་བཅོལ་བརྟག་པར་བྱའོ། །
|