5852

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བྱང་ཆུབ་སྙིང་པོ
Tibetan Definition <བོདྷིམཎྜཿ> 1 རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་གི་ས་གཞིའི་མིང་། ཞིབ་པར་བཤད་ན། རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་དྲུང་ན་རྒྱར་དཔག་ཚད་ཕྱེད་དང་ལྡན་པའི་རྡོ་རྗེ་རྒྱ་གྲམ་གྱི་ས་གཞི་ཡོད་པ་དེ་ལ། བྱང་ཆུབ་སྙིང་པོ་ཟེར། ས་གཞི་དེར་གཤེགས་པ་ལ་བྱང་ཆུབ་སྙིང་པོར་གཤེགས་པ་ཟེར། བྱང་ཆུབ་སྙིང་པོ་ཞེས་པའི་མིང་འདི་ཐོག་མར་བྱང་ཆུབ་ཤིང་དྲུང་གི་མིང་དུ་བཏགས་ཤིང་། དེ་ནས་རིམ་གྱིས་རྡོ་རྗེ་གདན་སྤྱི་དང་། དེ་ནས་སངས་རྒྱས་ཀྱི་གོ་འཕང་ལའང་མིང་ཐོགས་སོ། །སྒྲ་བཤད་ནི། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་ལ་བྱང་ཆུབ་ཅེས་བྱ་ལ། སྟོན་པས་སྔོན་དེར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་པས་ན་སྙིང་པོ་ཞེས་བྱའོ། །ཇོ་བོའི་ལམ་སྒྲོན་རང་འགྲེལ་ལས། བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སྙིང་པོ་ནི་དྲང་བའི་དོན་དུ་དཔལ་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་གནས་དང་། འོག་མིན་གྱི་གནས་དཔལ་སྟུག་པོ་བཀོད་པའི་ཞིང་ངོ་། །དེ་དག་ཏུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པས་ན་སྙིང་པོའོ། །ངེས་པའི་དོན་དུ་ཏིང་ངེ་འཛིན་དེ་བརྙེས་པའི་གནས་འདི་ཡིན་བྱ་བ་མེད་དེ། དོན་དམ་པར་ཆོས་ཐམས་ཅད་ཀྱི་དབྱིངས་ཉིད་ཡིན་པས་སོ། །དེ་ཡང་སྙིང་པོ་ནི་ལེགས་སྦྱར་གྱི་མཎྜ་ཞེས་པ་བསྒྱུར་བ་སྟེ། དེའི་དོན་ནི་སྙིང་པོ་དང་། དཀྱིལ། སྤོ། ས་སྟེགས་གྲུ་བཞིའམ་གོར་མོ་སོགས་ཀྱི་དོན་ཡིན་ཀྱང་འདིར་སྙིང་པོར་བསྒྱུར་བས། བྱང་ཆུབ་སྙིང་པོ་ཞེས་བྱའོ། །མང་པོས་དེ་མ་གོ་བར་སྙིང་པོ་ཞེས་ཡོངས་གྲགས་ཀྱི་གཙོ་བོ་དང་དྭངས་བཅུད་སོགས་ལ་གོ་གིན་བསྡད་པས་ཤིན་ཏུ་གོ་དཀའ་བའི་ཚིག་ཅིག་ཏུ་གྱུར་ཏོ། །དེས་རིགས་བསྒྲེས་ཏེ་མཎྜ་དང་མཎྜལ་ཞེས་པ་དཀྱིལ་ལམ་སྤོ་ལ་བསྒྱུར་ནས། རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་བརྗོད་པ་ཡང་བྱུང་བ་ཡིན་ནོ། །བྱང་ཆུབ་སྙིང་པོའི་སྐད་དོད་བོདྷི་མཎྜ་ཞེས་པ་བྱེ་བྲག་རྟོགས་བྱེད་ཆེན་པོ་༼ ཅོ ༽༦༥བ༥ན་གསལ། ཡང་ན་འདིའི་སྙིང་པོ་ཞེས་པ་སའི་སྙིང་པོ་ལ་གོར་རུང་ངམ་སྙམ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་༼ མ ༽༨༥བ༦ལས། བྱང་ཆུབ་ཀྱི་སའི་སྙིང་པོའི་གདན་གནན་པ་དང་། ཞེས་གསུངས་ཤིང་། དེའི་འགྲེལ་པར་ཡང་དེ་ལྟར་གསལ་བས། དེ་ལྟར་ན་བྱང་ཆུབ་ལྗོན་ཤིང་གི་དྲུང་གི་སའི་སྙིང་པོའམ་མཆོག་ཅེས་བྱ་བར་འགྱུར་རོ། །དཔྱད། 2 རྒྱ་གར་རྡོ་རྗེ་གདན། བྱང་ཆུབ་ཀྱི་སྙིང་པོ་ནི་ལམ་སྒྲོན་རང་འགྲེལ་ལས་རྡོ་རྗེ་གདན་དང་འོན་མིན་སྟུག་པོ་བཀོད་པོའི་ཞིང་ལ་ལ་བཤད་དོ། །ས་སྐྱ་ལེགས་བཤད་ཀྱི་མཇུག་ཏུ། བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་ལས་དཔག་ཚད་བརྒྱ་བགྲོད་པའི་གནས། ཞེས་གསུངས་སོ། །3 འོག་མིན་སྟུག་པོ་བཀོད་པའི་ཞིང་ལ་ཟེར། ཁུངས་གོང་དུ་དྲངས་པའི་ལམ་སྒྲོན་རང་འགྲེལ་ལ་གཟིགས། 4 མི་གནས་པའི་མྱང་འདས། སངས་རྒྱས་ཀྱི་གོ་འཕང༌། སྒྲ་བཤད་ནི། ཉན་རང་གི་བྱང་ཆུབ་སོགས་བྱང་ཆུབ་ཐམས་ཅད་ཀྱི་མཆོག་ཡིན་པས་བྱང་ཆུབ་སྙིང་པོ་ཞེས་བྱ་བའི་བཤད་ཚུལ་ཞིག་ཡོད་དེ། རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལས། སྙིང་པོ་ནི་བྱང་ཆུབ་རྣམས་ཀྱི་དམ་པ་དང༌། ཞེས་གསུངས་ཤིང་། རྗེའི་ལམ་རིམ་ཆེན་མོ་ལས་ཀྱང་། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་གསུངས་པ་ལྟ་བུའོ། །དབྱངས་ཅན་དགའ་བློས། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་དང་རྟོགས་པ་གཉིས་ལས། རྟོགས་པ་བྱང་ཆུབ་ཀྱི་སྙིང་པོ་ནི་ཡེ་ཤེས་ཆོས་ཀྱི་སྐུའམ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བྱ་ཞིང་། ཞེས་གསུངས་སོ། །བྱང་ཆུབ་ཀྱི་སྙིང་པོ་ཞེས་འབྲེལ་སྒྲ་སྦྱོར་དགོས་མི་དགོས། སྦྱོར་རུང་མི་རུང་གི་དོགས་གཅོད་གོང་དུ་གོ་དོན་དང་པོའི་སྐབས་སུ་གཟིགས།