6228

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:24, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མ་རིག་བག་ཆགས་ཀྱི་ས
Tibetan Definition མ་རིག་པའི་བག་ཆགས་དང་དོན་གཅིག དེ་ཤེས་སྒྲིབ་ཡིན། སྒྲ་བཤད་ནི། མ་རིག་པའི་བག་ཆགས་དེ་ཉིད་ས་དང་ཆོས་མཐུན་པས་ན་དེ་སྐད་ཅེས་བཏགས་པ་སྟེ། འདིའི་ས་ཞེས་པ་སྒྲིབ་བྱེད་ལ་གོ་དགོས་ཤིང་། དེ་ཡང་དཔེར་ན་ས་འོག་གི་གཏེར་རྣམས་སས་བསྒྲིགས་ནས་མི་མཐོང་བར་བྱེད་པ་ལྟར། འདིས་ཀྱང་དེ་བཞིན་གཤེགས་པའི་ཆོས་ཉིད་དྲི་མ་མཐའ་དག་དང་བྲལ་བ་མངོན་སུམ་དུ་མཐོང་བའམ་ཐོབ་པ་ལ་སྒྲིབ་པའི་ཕྱིར་ས་ཞེས་བརྗོད་དོ། །རྒྱུད་བླ་མ་ལས། ཇི་ལྟར་ནོར་ནི་བསྒྲིབས་པས་ན། །མི་ཤེས་གཏེར་མི་ཐོབ་པ་ལྟར། །དེ་བཞིན་སྐྱེ་ལ་རང་བྱུང་ཉིད། །མ་རིག་བག་ཆགས་ས་ཡིས་བསྒྲིབས། །ཞེས་གསུངས་སོ། །དེའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། གཉིས་པ་མ་རིག་བག་ཆགས་ཀྱི་སའི་ཆོས་མཐུན་ནི། ཇི་ལྟར་ནོར་གྱི་གཏེར་ནི་སས་བསྒྲིབས་པས་ན་མི་ཤེས་ཤིང་གཏེར་མི་ཐོབ་པ་ལྟར་དེ་བཞིན་དུ་སྐྱེ་བོ་ལ་རང་བྱུང་ཉིད་དེ་དེ་བཞིན་གཤེགས་པའི་སྙིང་པོ་དྲི་མ་མཐའ་དག་དང་བྲལ་བ་ཐོབ་པ་ལ་མ་རིག་བག་ཆགས་ས་ཡིས་བསྒྲིབས་པས་མི་མཐོང་བར་ཆོས་མཐུན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །མ་རིག་བག་ཆགས་ཀྱི་ས་ཕྲ་བའི་མཐར་ཐུག་པ་ནི་ས་བཅུའི་རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སྤོང་དགོས་པར་གསུངས་ཏེ། རྒྱུད་བླ་དར་ཊཱིཀ་ལས། མ་རིག་བག་ཆགས་ཀྱི་ས་ཕྲ་བ་མཐར་ཐུག་པ་ས་བཅུ་རྒྱུན་གྱི་ཐ་མའི་བར་ཆད་མེད་ལམ་གྱིས་དངོས་སུ་སྤོང་བ་ཡིན་ཡང༌། ས་བཅུ་རྒྱུན་ཐ་བས་ཀྱང་ཡིད་ཀྱི་རང་བཞིན་གྱི་ལུས་ལ་སོགས་པ་བླངས་ནས་སེམས་ཅན་ལ་ཆོས་སྟོན་པ་སོགས་བྱེད་ན། ཀུན་སློང་གི་རྩོལ་བ་ཕྲ་མོ་དང་བཅས་བཞིན་དུ་ཆོས་སྟོན་པར་བྱེད་དགོས་པས། དེ་འདྲའི་ལས་དང་ལུས་ཟད་པར་སྤངས་ནས་སེམས་ཅན་ལ་ཆོས་སྟོན་པ་ནི། ཡང་དག་པའི་མཐའ་མངོན་དུ་བྱས་པ་མཐར་ཐུག་པ་འབའ་ཞིག་གི་ཁྱད་ཆོས་སུ་ཤེས་པའི་ཕྱིར་ཏུ་དེ་ལྟར་སྨོས་སོ། །ཞེས་གསུངས་སོ། །