6412

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:24, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མངོན་མཚན་ཅན
Tibetan Definition (འདུལ་བ) གསེར་དངུལ་སོགས་ཀྱིས་བཟོས་པའི་རི་མོ་ཅན་གྱི་ཊཾ་ཀའི་མིང་། དངུལ་ལས་བྱས་པའི་ཀཱརྵཱ་པ་ཎ་ལ་མངོན་མཚན་ཅན་ཟེར་ཞེས་འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས་གསུངས་ཤིང་། འདི་ལ་དབྱིབས་གོར་མོ་དང་གྲུ་བཞི་དང་ནར་མོ་ཡང་སྣང་། ཕྱི་རྒྱལ་བས་coin ཟེར་བ་དེ་དང་འདྲའོ། །ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་གི་ཀཱརྵཱ་པ་ཎའམ་དངུལ་གྱི་དོང་ཙེ་མང་པོའི་སྤར་རིས་དབྱིན་ཡུལ་གྱི་འགྲེམ་སྟོན་ཁང་དང་དྲ་རྒྱ་ཞིག་ཏུའང་མཐོང་རྒྱུ་འདུག འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། ཀཱརྵཱ་པ་ཎ་ཞེས་བྱ་བ་ནི་པ་ཎའི་བྱེ་བྲག་སྟེ། མངོན་མཚན་ཅན་ཡིན་ན་ནི་དངུལ་ལས་བྱས་པ་ཡིན་ནོ། །ཞེས་གསུངས། མངོན་མཚན་ཅན་ལ་དངུལ་དང་ཟངས་དང་རག་བཅས་མཐོང་རྒྱུ་འདུག་པས་ངེས་པར་དངུལ་ལས་བྱས་པར་མ་ངེས་སོ། །སྒྲ་བཤད་ནི། ཉི་མ་དང་བ་ལང་དང་གླང་པོ་ཆེ་སོགས་ཀྱི་མཚན་མའམ་རྟགས་དང་རི་མོ་ལ་མངོན་མཚན་ཞེས་བྱ་ལ། དེ་གང་ལ་ལྡན་པ་དེ་ལ་མངོན་མཚན་ཅན་ཞེས་བྱའོ། །བོད་རྒྱ་ཚིག་མཛོད་ཆེན་མོར། “མངོན་ཚན” ཞེས་མས་འཕུལ་མེད་པ་འབྱུང་བ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ལ་གཞི་བྱས་པར་སྣང་། དེ་ཡང་༼ ཤེས་བྱ་མཛོད་འགྲེལ་བར་ཆ་༥༩ ༽ལས། མངོན་ཚན་ཅན་གྱི་སྤང་པ་ནི། ཆགས་སེམས་ཀྱིས་ཉེ་དུ་མ་ཡིན་པའི་ཁྱིམ་པ་ལ་གསེར་ལ་སོགས་པ་བུན་སྐྱེད་དམ་ཁེ་སྤོགས་བྱེད་དུ་བཅུག་པའོ། །ཞེས་འབྱུང་བ་འདི་ཡིན་ལ། དེ་ནི་ཡི་གེ་མ་དག་པར་ཡིན་ཏེ། འདུལ་བ་ལུང་གཞི་དང་། ལུང་གཞིའི་འགྲེལ་པ་དང་། མཚོ་ཊཱིཀ་སོགས་འཕགས་བོད་ཀྱི་གཞུང་ཆེན་མོ་རྣམས་སུ། མངོན་མཚན་ཅན་ཞེས་འབྱུང་གི་མངོན་ཚན་ཅན་ཞེས་མི་འབྱུང་ལ། ལར་ནས་མངོན་མཚན་ཅན་ཞེས་པའི་ཚིག་ཟུར་གྱི་མཚན་ནི་རྟགས་དང་མཚན་མ་ལ་གོ་དགོས་པས། མངོན་ཚན་ཞེས་བརྗོད་ན་གོ་རྒྱུ་ཡང་ཨེ་ཡོད་སྙམ་ཡང་མཁས་པ་རྣམས་ཀྱིས་དཔྱད་པར་འཚལ། མཁས་པའི་གསུང་ལ་སྤར་པས་ལག་ནོར་ཐལ་བ་ནི་མང་དག་ཅིག་སྣང་བས་དེ་ལྟར་དུ་སེམས་སོ། །ཚན་ནི་རྡོ་ཚན་དང་ཆུ་ཚན་ཞེས་པ་ལྟ་བུའི་ཚ་རེག་དང་སྡེ་ཚན་བཅས་ལ་འཇུག་པ་ལས་རྟགས་ལ་འཇུག་པར་བཤད་པར་མི་སྣང་ངོ་། །ཀཱརྵཱ་པ་ཎ་ཞེས་པའི་ཐད་དུ་གཟིགས།