From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཆོད་པའི་ལྷ་མོ་ལྔ
|
Tibetan Definition
|
དེ་ལྔ་ནི། གཟུགས་རྡོ་རྗེ་མ། སྒྲ་རྡོ་རྗེ་མ། དྲི་རྡོ་རྗེ་མ། རོ་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མ་དང་ལྔའོ། །འཇིག་རྟེན་ཁམས་རབ་འབྱམས་ན་གཟུགས་སོགས་འདོད་ཡོན་ལྔ་པོ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་ཀྱི་སྙིང་པོ་ཡོངས་སུ་གྱུར་པ་ལས་མཆོད་པའི་ལྷ་མོའི་གཟུགས་སུ་ཤར་བ་ལ། གཟུགས་རྡོ་རྗེ་མ་སོགས་ཟེར་རོ། །རྗེའི་གསུང་ཐོར་བུ་༢༢༢བ༧ལས། (གཟུགས་རྡོ་རྗེ་མ) རབ་འབྱམས་ཞིང་ན་ཇི་སྙེད་གཟུགས་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །བཞིན་རས་རྒྱས་ཤིང་སྐུ་ཡི་མཛེས་པ་སྟོན། །གཟུགས་ཀྱི་རྡོ་རྗེ་མ་ཡིས་མཆོད་པ་ཡིས། །གང་ཤར་གཟུགས་ཀྱི་སྣང་བ་ཐམས་ཅད་ནི། །གཟུགས་ཀྱི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་བརྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག ། (སྒྲ་རྡོ་རྗེ་མ) རབ་འབྱམས་ཞིང་ན་ཇི་སྙེད་སྒྲ་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །སྙན་པའི་པི་ཝང་བརྡུང་ཞིང་གླུ་ལེན་མ། །སྒྲ་ཡི་རྡོ་རྗེ་མ་ཡིས་མཆོད་པ་ཡིས། །གང་ཤར་སྒྲ་ཡི་སྣང་བ་ཐམས་ཅད་ནི། །སྒྲ་ཡི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་བརྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག ། (དྲི་རྡོ་རྗེ་མ) རབ་འབྱམས་ཞིང་ན་ཇི་སྙེད་དྲི་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །བཟང་པོའི་དྲི་ཡིས་ཕྱོགས་ཀུན་རབ་འགེངས་མ། །དྲི་ཡི་རྡོ་རྗེ་མ་ཡིས་མཆོད་པ་ཡིས། །གང་ཤར་དྲི་ཡི་སྣང་བ་ཐམས་ཅད་ནི། །དྲི་ཡི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་བརྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག ། (རོ་རྡོ་རྗེ་མ) རབ་འབྱམས་ཞིང་ན་ཇི་སྙེད་རོ་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། །རོ་ཡི་རྡོ་རྗེ་མ་ཡིས་མཆོད་པ་ཡིས། །གང་ཤར་རོ་ཡི་སྣང་བ་ཐམས་ཅད་ནི། །རོ་ཡི་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་བརྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག ། (རེག་བྱ་རྡོ་རྗེ་མ) རབ་འབྱམས་ཞིང་ན་ཇི་སྙེད་རེག་མཆིས་པ། །ཡོངས་སུ་གྱུར་པ་ལས་བྱུང་ལྷ་མོ་ནི། །འཇམ་མཉེན་རེག་བྱ་མཆོག་གི་ཡིད་འཕྲོག་མ། །རེག་བྱ་རྡོ་རྗེ་མ་ཡིས་མཆོད་པ་ཡིས། །གང་ཤར་རེག་བྱའི་སྣང་བ་ཐམས་ཅད་ནི། །རེག་བྱ་རྡོ་རྗེ་མར་ནི་ཤར་བའི་མཐུས། །མི་འགྱུར་བདེ་བ་ཆེན་པོ་རབ་བརྩལ་ཏེ། །བདེ་སྟོང་མཆོག་གི་ཏིང་འཛིན་རྫོགས་པར་ཤོག །ཅེས་གསུངས་སོ། །
|