6562

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཐའ་གཉིས
Tibetan Definition (ཕར་ཕྱིན) 1 རྟག་ཆད་ཀྱི་མཐའ་གཉིས་ཏེ། བདེན་གྲུབ་ཏུ་ཡོད་པ་དེ། རྟག་མཐའ་འམ་ཡོད་མཐའ། ཐ་སྙད་དུའང་མེད་པ་དེ། ཆད་མཐའམ་མེད་མཐའོ། །མཐའ་དེ་གཉིས་སུ་མ་ལྷུངས་པ་ཞིག་དགོས་སོ། །མཐའི་གོ་དོན་ནི། མཁས་གྲུབ་ཆོས་རྗེའི་སྟོང་ཐུན་སྐལ་བཟང་མིག་འབྱེད་༥༤བ༢ལས། དེ་ཡང་སྤྱིར་མཐའ་ཞེས་བྱ་བ་ནི། འཇིག་རྟེན་ན་སའི་ཕྱོགས་གང་དུ་གོམ་པ་འཕྱན་ན་སྐྱེས་བུ་ལྷུང་ནས་ཉམས་ཉེས་པར་འགྱུར་བའི་གཡང་ཁ་ལ་མཐའ་ཞེས་བརྗོད་པ་ལྟར། འདིར་ཡང་གང་དུ་གཟུང་ན་འཛིན་པ་པོ་ལྟ་བ་ངན་པའི་གཡང་དུ་ལྷུང་ནས་ཕུང་བར་འགྱུར་བའི་གནས་ལ་མཐའ་ཞེས་བརྗོད་དེ། དེ་ལ་ཡོད་མཐའ་དང་མེད་མཐའ་གཉིས་སོ། །ཞེས་གསུངས་པ་ལྟར་རོ། །ཡོད་མཐའ་ལ་རྟག་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ནི། དེ་ཉིད་༥༤བ༤ལས། དངོས་སྨྲ་བ་དག་གིས་བདག་རྟག་པར་འཛིན་པ་དང་། སྤྱི་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྟག་དངོས་སུ་འཛིན་པ་ལྟ་བུ་དང་། བྱེ་བྲག་སྨྲ་བས་ནམ་མཁའ་རྟག་རྫས་སུ་ཁས་ལེན་པ་སོགས་ཀྱང་རྟག་པའི་མཐར་ལྷུང་བའི་ལྟ་བ་ཡིན་མོད་ཀྱི། དངོས་སྨྲ་བ་དག་གིས་དངོས་པོ་རང་བཞིན་གྱིས་ཡོད་པར་ལྟ་བ་ནི་དངོས་སུ་དངོས་པོ་རྟག་པར་མི་སྨྲ་ཞིང་། བློ་དེ་དག་གི་འཛིན་སྟངས་ལ་དངོས་པོ་རྟག་པར་འཛིན་པ་མེད་ཀྱང་། རྟག་པའི་མཐར་ལྷུང་བ་ཡིན་ཏེ། བུམ་པ་རང་བཞིན་གྱིས་ཡོད་ན་བུམ་པ་རྟག་པ་ཡིན་དགོས་པའི་ཕྱིར་རོ། །ཇི་ལྟར་དགོས་ན། བུམ་པ་ཆོས་ཅན། ཁྱོད་ཀྱི་ཡོད་པ་དེ་ཁྱོད་ཀྱི་རང་བཞིན་དུ་གྲུབ་པར་ཐལ། ཁྱོད་རང་བཞིན་གྱིས་ཡོད་པའི་ཕྱིར། འདོད་ན། ཁྱོད་དུས་ནམ་ཡང་མེད་པ་མི་སྲིད་པར་ཐལ། འདོད་པ་དེའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། རང་གི་རང་བཞིན་སྤངས་པའི་ཆོས་མི་སྲིད་པའི་ཕྱིར། དུས་ནམ་ཡང་མེད་པ་མི་སྲིད་པ་འདོད་ན། རྟག་ཏུ་ཡོད་པར་ཐལ་ལོ། །འདོད་ན། རྟག་པར་ཐལ་ལོ། །དེའི་ཕྱིར་རྩ་ཤེ་ལས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པར་རྟག །ཅེས་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། །2 སྲིད་ཞིའི་མཐའ་གཉིས་ཏེ། སྲིད་པ་འཁོར་བའི་མཐའ་དང་།་ཞི་བ་མྱ་འདས་ཀྱི་མཐའ་གཉིས་སོ། །3 འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས། འདོད་པ་བསོད་སྙོམས་ཀྱི་མཐའ་ནི། འཚོ་བ་ཧ་ཅང་བཟང་བའམ་དེ་ལ་ལྷག་པར་ཆགས་པའི་དོན་དང་། ངལ་ཞིང་དུབ་པ་ནི། ཆོས་ཡིན་ཁུལ་གྱིས་རང་གིས་རང་ལ་ངལ་རྩོལ་དང་སྡུག་སྦྱོང་ཚད་མེད་ལ་སྦྱོར་བ་ལྟ་བུ་ལ་ཟེར་རོ། །དཔེར་ན་ཕྱི་རོལ་པས་མེ་ལྔ་བསྟེན་པ་དང་། ལྕེ་ཕུག་པ་དང་། ལྕགས་གཟེར་གྱི་སྟེང་དུ་ཉལ་བ་སོགས་སོ། །བཅོམ་ལྡན་འདས་ཀྱིས་རང་གི་རྗེས་འཇུག་སྤྱི་དང་ལྷག་པར་རབ་བྱུང་རྣམས་ལ། འདོད་པ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་པའི་སྒོ་ནས། དབུ་མའི་ལམ་འཕགས་ལམ་ཡན་ལག་བརྒྱད་ཉམས་སུ་ལེན་དགོས་པར་གདམས་ཏེ། འདུལ་བ་ལུང་གཞི་༼ ང་པ ༽ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ལྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་རབ་ཏུ་བྱུང་བས་ནི་མཐའ་འདི་གཉིས་ལ་བརྟེན་པར་མི་བྱ། བསྙེན་པར་མི་བྱ། བསྙེན་བཀུར་མི་བྱ་སྟེ། གཉིས་གང་ཞེ་ན། འདོད་པ་རྣམས་ལ་འདོད་པའི་བསོད་སྙོམས་ཀྱི་རྗེས་སུ་བརྩོན་པ། དམན་པ། ངན་པ། ཐ་ཆད་མ་རབས་གང་ཡིན་པ་དང༌། བདག་ཉིད་དུབ་པ་ལ་རྗེས་སུ་བརྩོན་པ། སྡུག་བསྔལ་བ། འཕགས་པ་མ་ཡིན་པ། གནོད་པ་དང་ལྡན་པ་གང་ཡིན་པའོ། །ཁྱེད་ཀྱིས་མཐའ་འདི་གཉིས་ལ་མི་བརྟེན་པར་དབུ་མའི་ལམ་མིག་བྱེད་པ། ཡེ་ཤེས་བྱེད་པ། ཉེ་བར་ཞི་བར་འགྱུར་བ། མངོན་པར་ཤེས་པ་དང༌། རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པར་འགྱུར་བ་ཡོད་དེ། དབུ་མའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཡིན་ནོ། །ཞེས་གསུངས་སོ། །