6667

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མདོ་སྡེ་ལས་བརྒྱ་པ
Tibetan Definition འདིའི་ནང་ལས་འབྲས་ལ་ངེས་པ་སྟེར་བའི་སྔོན་གྱི་ལོ་རྒྱུས་ངོ་མཚར་ལ་སྙན་པ་ཆེས་མང་པོ་ཡོད། དེ་དག་ཀློག་ན་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་སྐྱེ་བར་ལྷག་པར་ཕན་ཆེའོ། །རྗེའི་ལམ་རིམ་ཆེན་མོ་ལས། བཤེས་སྤྲིངས་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་དག་ཏུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་གསུངས་པ་ལྟར། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གཉིས་རྒྱུ་དང་འབྲས་བུར་བཅས་པ་ལ་ཚུལ་བཞིན་དུ་ལྟ་བ་འདི་ནི་ཐེག་པ་ཐམས་ཅད་དང་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་གཞིར་མེད་དུ་མི་རུང་བ་ཡིན་པས། སྔར་བཤད་པས་མཚོན་ནས་དྲན་པ་ཉེར་གཞག་དང་། མཛངས་བླུན་དང་། ལས་བརྒྱ་པ་དང་། རྟོགས་བརྗོད་བརྒྱ་པ་དང་། འདུལ་བ་ལུང་གི་རྒྱུད་གླེང་རྣམས་དང་། གསུང་རབ་གཞན་རྣམས་ཀྱང་བལྟས་ནས་ངེས་པ་ཤུགས་དྲག་ལ་རྒྱུན་རིང་བ་བསྐྱེད་པར་བྱ་བ་ནི་གནད་ཀྱི་དོན་དུ་གཟུང་བར་བྱའོ། །ཞེས་འདི་དག་ལ་ནན་ཏན་དུ་བལྟ་བར་གདམས་སོ། །མདོ་འདི་ལ་རྒྱ་གར་སྐད་དུ་ཀརྨ་ཤཏཀ་ཞེས་བྱ་བ་དང་། བོད་སྐད་དུ་ལས་བརྒྱ་ཐམ་པ་པ་ཞེས་བྱ། སྡེ་དགེ་སྤར་མའི་མདོ་སྡེ་༼ ཧ ༽དང་། དེའི་འཕྲོ་རྣམས༼ ཨ ༽དང་༡༢༩ནས་མདོ་མཛངས་བླུན་བཞུགས་སོ། །འདི་ལ་ལེའུ་རེའི་སྔོན་དུ་སྡོམ་རེ་ཡོད་པ་རྣམས་འདིར་བྲི་བར་བྱའོ། །སྤྱི་སྡོམ་ནི། ཁྱི་མོ་དང་ནི་ཤིང་རྟ་དང་། །ཀ་ཙང་ཀ་ལ་བྱམས་མི་སྡུག །བྱ་དང་འཕྱེ་བོ་གང་པོ་དང་། །བུ་རྣམས་དང་ནི་བརྒྱ་བྱིན་ནོ། །སྡོམ་ནི། ཁྱི་མོ་མིག་ཆུང་རྫོགས་བྱེད་དང་། །སྒུར་གཉིས་འཆར་ཀ་རྒྱལ་མཚན་དང་། །བདེ་བྱེད་མ་དང་ནོར་བུའི་འོད། །སྣ་མའི་མེ་ཏོག་ང་བྱིན་དང་། །འདུས་མོ་དང་ནི་ཚེམ་བུ་མཁན། །སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་རྫོགས་སོ། །སྡོམ་ནི། ཤིང་རྟ་བཞི་དང་སྒམ་པོ་དང་། །ས་འཚོ་སྐྲ་ལྡན་པད་མའི་མདོག །ཤན་པ་གསེར་མདོག་བ་ལང་རྫི། །མཛའ་སྡེ་འཇིགས་མེད་དབྱིག་མཚོ་དང་། །དབྱིག་དགའ་དང་ནི་དོམ་གཉིས་དང་། །སྒུར་ཆུང་ (སྒུར་ཆུང་གི་སྐོར། མདོ་སྡེ་ལས་བརྒྱ་པ་༼ ཧ ༽༡༠༨བ་༣ན་བཞུགས) དང་ནི་ཐ་མ་སྲིན། །ཤིང་རྟ་བཞི་ཞེས་བྱ་བ་ལ། །སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་རྫོགས་སོ། །སྡོམ་ནི། ཀ་ཙང་ཀ་ལ་ཀཻ་ན་ཡ། །བག་མ་གཏོང་གཉིས་གཅོད་པ་གཉིས། །ཟ་བ་དགའ་བྱེད་སྣག་བུ་དང་། །བུར་འདུ་ཤེས་དང་ཞིང་པ་དང་། །ཤི་དང་ཀོ་ཀ་ལི་ཀ་དང་། ཐང་བཅད་ཐ་མ་ཁམ་ཞེས་བྱ། །སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་རྫོགས་སོ། །༡༧༦བ་ལས། སྡོམ་ནི། བྱམས་པའི་སྟོབས་དང་རླུང་ནག་དང་། །གྲོག་མ་གཉིས་དང་སྤྱོད་ཡུལ་དང་། །དགོན་པ་གླང་ཀླུང་སེང་གེ་དང་། །དབྱེན་དང་ནགས་ཁུང་ཐོས་པ་རྣམས། ། སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་རྫོགས་སོ། །༢༠༤བ་ལས། སྡོམ་ནི། མི་སྡུག་བདེ་བྱེད་གདོལ་པ་དང་། །རབ་བཟང་དང་ནི་ལྷར་བཅས་གླང་། །སྙིང་རྗེ་བཟང་པོ་གེལ་པོ་དང་། །ནག་པོ་མདའ་ཐོགས་བརྫིས་དང་ཝ། །སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་རྫོགས་སོ། །༢༤༨ན་༡ལས། སྡོམ་ནི། བྱ་གཉིས་དང་ནི་ལུས་འཕགས་དང་། །སྟོན་པ་འོད་སྲུང་ཀུན་དགའ་བོ། །འཛིན་བྱེད་བུ་དང་རབ་བཟང་དང་། །ཡོན་རབས་དང་ནི་རྒན་ཞུགས་གཉིས། ། སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ་རྫོགས་སོ། །༣༠༦ན་༤ལས། སྡོམ་ནི། འཕྱེ་བོ་གྲུམ་སྟོད་ལོང་བ་དང་། །གཅེར་བུ་འོད་སྲུང་གཙོ་བོ་དང་། །གླང་ཆེན་གནས་དང་ས་ར་ན། །རི་དྭགས་ཀྱི་ནི་བརྟུལ་ཞུགས་ཅན། །ཟླ་བ་མིའམ་ཅི་གཉིས་པོ། །སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་རྫོགས་སོ། །མདོ་སྡེ་༼ ཨ ༽༣༡ན་༢ལས། སྡོམ་ནི། གང་པོ་མཆོད་སྦྱིན་ལེ་ལོ་ཅན། །མགོན་མེད་དང་ནི་ཉམ་ཆུན་བ། །པད་མ་གཉིས་དང་ལྟ་བ་དང་། །རིན་ཆེན་ནོར་དང་སྟོབས་ཕྲོག་པ། །སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པ་རྫོགས་སོ། །མདོ་སྡེ་༼ ཨ ༽༥༠ན་༤ལས། སྡོམ་ནི། བུ་དང་རི་ཡི་གཅོང་རོང་གླུད། །འཐབ་དང་རྙིས་བཟུང་གོང་མ་སྲེག །ཕག་དང་མི་རྒོད་ཤ་ཟ་དང་། །དབང་པོའི་མགོ་ནི་ཐ་མ་ཡིན། །སྡོམ་གྱི་ཚིགས་སུ་བཅད་པ་དགུ་པ་རྫོགས་སོ། །མདོ་སྡེ་༼ ཨ ༽༧༢བ་༧ལས། སྡོམ་ནི། བརྒྱ་བྱིན་རྒྱལ་པོ་རྔོན་པ་དང་། །རྨོངས་པ་དང་ནི་བྲམ་ཟེ་གསུམ། །ཁྱབ་འཇུག་དང་ནི་འཐབ་མོ་ཀླུ། །ཤི་བི་གཉིས་དང་ཀཽ་ཤམྦཱི། །སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ་རྫོགས་སོ། །