7069

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 12:27, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མེ་ཏོག་གི་ཆར་པ
Tibetan Definition དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས་དགའ་བའི་ལྟས་སུ་མེ་ཏོག་གི་ཚོགས་ནམ་མཁའི་དབྱིངས་ནས་དངོས་སུ་བབས་པ་ལ་ཟེར། ཡོངས་གྲགས་སུ་འདི་ལྟས་བཟང་ཞིག་ཏུ་བརྩི་ཞིང༌། མེ་ཏོག་གི་ཆར་འདི་སྔོན་སེམས་ཅན་ལ་སྦྱིན་པ་བཏང་བའི་འབྲས་བུར་གསུངས་ཏེ། རྒྱ་ཆེར་རོལ་པའི་མདོ་ལས། བསྐལ་པ་བྱེ་བ་མང་པོར་ཁྱོད་ཀྱིས་སྔོན། །སྲས་མོ་སྲས་སྡུག་སྦྱིན་པ་མཛད་པས་ན། །ལྷ་ཡི་མེ་ཏོག་ཆར་དུ་བབས་པ་འདི། །སྦྱིན་པ་སྤྱད་པ་དེ་ཡི་འབྲས་བུ་ལགས། །ཞེས་གསུངས། སྔོན་བདག་ཅག་གི་སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པ་སོགས་ཀྱི་ཚེ་ཉིན་མཚན་རྟག་ཏུ་རྒྱུན་མི་འཆད་པར་ལྷའི་རོལ་མོ་སིལ་སྙན་གྱི་སྒྲ་འབྱུང་ཞིང་ལྷའི་མེ་ཏོག་གི་ཆར་བབས་པའི་ལོ་རྒྱུས་དང༌། མཉམ་མེད་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་ཡང༌། ཉི་ཟླ་སྐར་གསུམ་དུས་གཅིག་ལ་ཤར་བ་དང༌། མེ་ཏོག་གི་ཆར་ཡང་ཡང་འབབ་པ་དང་སྤོས་ཀྱི་དྲི་བཟང་པོ་བྲོ་བ་དང༌། ནམ་མཁའ་ལ་རོལ་མོའི་སྒྲ་གྲག་པ་དང༌། ས་གཡོ་བ་ལ་སོགས་པའི་ངོ་མཚར་བའི་ལྟས་ཡུལ་དེར་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དུ་མ་བྱུང་ངོ༌། །གཞན་ཡང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་གསུང་ཆོས་གནང་སྐབས་ནམ་མཁའ་ལ་འཇའ་འོད་དང་མེ་ཏོག་གི་ཆར་ཡང་དཔག་ཏུ་མེད་པ་བབས་པ་ལན་མང་པོ་བྱུང་བ་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ན་གསལ་ལ། གཞན་ཡང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། དེའི་སྐུ་ཕྲེང་ཕྱི་མ་པཎ་ཆེན་བློ་བཟང་ཡེ་ཤེས་ལའང་མེ་ཏོག་གི་ཆར་བབས་པ་བྱུང་འདུག སྐྱེས་ཆེན་དམ་པ་ཚོས་ཆོས་ཀྱི་མཛད་པ་གལ་ཆེན་རེ་མཛད་སྐབས་བཀྲ་ཤིས་པའི་ལྟས་དང་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས་དགའ་བའི་རྣམ་འགྱུར་མཚོན་པའི་རྟགས་སུ་ནམ་མཁའ་ལས་མེ་ཏོག་གི་ཚོགས་དངོས་སུ་འཐོར་གྱི་ཡོད་འདུག ྋགོང་ས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༡༠༨ལས། ཆོས་འཆད་པའི་སྐབས་མེ་ཏོག་གི་ཆར་པ་ཇ་ཕོར་གྱི་ཁ་རྒྱ་ཙམ་པ་བབས་པ་ཁྲོམ་པ་ཀུན་གྱིས་མཐོང་བ་བཀའ་གདམས་གླེགས་བམ་འགངས་ཆེ་བའི་བྱིན་རླབས་སུ་མངོན། ཞེས་དང༌། ཡང་དེའི་འོག་ཙམ་ལས། ཆུ་འགོའི་ཐད་དུ་སླེབས་པ་དང་མེ་ཏོག་དཀར་པོ་ཡུ་བ་ཅན་གྱི་ཆར་ཀུན་གྱིས་མཐོང་བ་རྒྱལ་བ་ཙོང་ཁ་པའི་ཐུགས་རྗེར་གོ། ཁེངས་སྐྱུང་མཛད་འདུག དེ་ལ་སོགས་པ་ལན་མང་པོ་བྱུང་བ་རྣམ་ཐར་དེ་གའི་ནང་གསལ། གཞན་ཡང་ཉེ་བའི་ཆར་རྩོད་མེད་ཀྱི་སྐྱེས་ཆེན་དམ་པ་རྙིང་མའི་གཏེར་སྟོན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་ཞི་དབྱིངས་སུ་གཤེགས་སྐབས་ནམ་མཁའ་ལས་མེ་ཏོག་གི་ཆར་བབས་ཏེ་མེ་ཏོག་དཀར་པོ་ཞིག་དངོས་སུ་འཐུ་རྒྱུ་འདུག་ཅེས་ཐོས་བྱུང༌། འདི་སྔོན་བྱུང་གི་སྒྲུང་གཏམ་ལྟ་བུ་ཞིག་མིན་པར་དངོས་སུ་ང་ཚོའི་མི་ཐོག་འདི་གའི་ནང་བྱུང་བའི་གནས་ཚུལ་ཞིག་ཡིན་ནོ། །ཡང་བོད་དུ་འགའ་རེས་མེ་ཏོག་གི་ཆར་འབབ་པ་ལ་རྣམ་རྟོག་བྱེད་མཁན་ཡང་ཡོད་འདུག་པ་འདི་ལྟར། དུ་ཀཱུ་ལའི་གོས་བཟང་དེབ་དང་པོ་༦༡༤ལས། དགེ་འདུན་འདུས་པའི་བྱིན་རླབས་ཀྱིས་མེ་ཏོག་གི་ཆར་བབས། ལ་ལ་མེ་ཏོག་གི་ཆར་ལ་རྣམ་རྟོག་བྱེད་མཁན་འདུག་ཀྱང་སྐྱོན་དུ་གྱུར་པ་ནི་མ་བྱུང༌། ཞེས་གསུངས་སོ། །འདི་ནི་ངེས་པར་ལེགས་པའི་མཚན་མ་ཞིག་ཏུ་མངོན་ནོ། །