7812

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:30, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཁོར་ལོས་བསྒྱུར་བའི་རྒྱལ་པོ
Tibetan Definition གླིང་བཞི་དང་གསུམ་དང་གཉིས་དང་གཅིག་བཅས་ལ་ཅི་རིགས་པར་དབང་བསྒྱུར་བའི་རྒྱལ་པོ་ཆེན་པོའི་མིང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་དག་ལ་འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། རལ་གྲི་དང་པགས་པ་སོགས་ཉེ་བའི་རིན་པོ་ཆེ་བདུན་ཡང་ལྡན་ཞིང་། ལུས་ཕུན་སུམ་ཚོགས་པ་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལས་མཛོད་སྤུ་དང་གཙུག་ཏོར་མ་གཏོགས་པ་ལྷག་མ་སུམ་ཅུ་དང་ཡང་ལྡན་པར་གསུངས་སོ། །འོན་ཀྱང་། རྒྱ་ཆེར་རོལ་པའི་མདོ་ལས། རྒྱལ་པོ་ཆེན་པོ། མཚན་གྱི་རྣམ་པ་དེ་ལྟ་བུ་དག་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་མི་འབྱུང་སྟེ། མཚན་དེ་ལྟ་བུ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་འབྱུང་ངོ་། །ཞེས་ཀྱང་གསུངས་སོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུང་བའི་དུས་ནི། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་ཡིན་ཞིང་། དེ་ལས་འཕྱི་བར་མི་འབྱུང་བ་ནི་བསོད་ནམས་མི་ཆུད་པའི་ཕྱིར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བཞི་སྟེ། གསེར་གྱི་འཁོར་ལོ་ཅན་དང་། དངུལ་གྱི་འཁོར་ལོ་ཅན། ཟངས་ཀྱི་འཁོར་ལོ་ཅན། ལྕགས་ཀྱི་འཁོར་ལོ་ཅན་དང་བཞིའོ། །འོན་ཀྱང་མདོ་ལས་ནི་གསེར་གྱི་འཁོར་ལོ་ཅན་ཁོ་ན་གསུངས་ཞེས་མཆིམས་མཛོད་གསུང་ངོ་། །དེ་དག་གིས་དབང་བསྒྱུར་ཚུལ་ནི། གསེར་གྱི་འཁོར་ལོ་ཅན་གྱིས་གླིང་བཞི་ལ་དབང་བསྒྱུར། དངུལ་གྱིས་གླིང་གསུམ། ཟངས་ཀྱིས་གླིང་གཉིས། ལྕགས་ཀྱིས་གླིང་གཅིག་ལ་དབང་བསྒྱུར་བ་ཡིན། དེ་ཡང་གསེར་གྱི་འཁོར་ལོ་ཅན་ནི་ཕས་ཏེ་ཕ་རོལ་རྒྱལ་ཕྲན་གྱིས་ཕེབས་རོགས་ཞེས་བསུ་བ་བྱེད་པ་ཙམ་གྱིས་རྒྱལ་བར་བྱེད་ལ། དངུལ་གྱི་འཁོར་ལོ་ཅན་ནི་རང་འགྲོ་བ་ཙམ་དང་། ཟངས་ཀྱི་འཁོར་ལོ་ཅན་ནི་གཡུལ་བཤམས་པ་ཙམ་དང་། ལྕགས་ཀྱི་འཁོར་ལོ་ཅན་ནི་མཚོན་ཆ་བརྩམས་པ་ཙམ་གྱིས་ཕ་རོལ་པོས་འདུད་ཅིང་རྒྱལ་བར་བྱེད་པས་དངོས་སུ་སེམས་ཅན་ལ་གནོད་པ་བྱེད་པ་མེད་པར་བཤད་དོ། །སྒྲ་བཤད་ནི། དེ་དག་ལ་འཁོར་ལོ་རིན་པོ་ཆེ་དག་ཡོད་ལ་དེས་རྒྱལ་སྲིད་ལ་མངའ་བསྒྱུར་བའི་ཕྱིར་དེ་སྐད་ཅེས་བྱའོ།། མཛོད་རྩ་བ་ལས། འཁོར་ལོས་བསྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལས་མས་རིམ་བཞིན། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་གསུངས། Chakravartin, the universal monarch