7982

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 13:43, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཆི་བའི་ཚེ་འབྱུང་བ་ཐིམ་རིམ་དང་དེ་དག་གི་ཕྱི་ནང་གི་རྟགས
Tibetan Definition འབྱུང་བ་ཐིམ་རིམ་མ་བཤད་གོང་ཐ་མལ་པའི་ལུས་འདི་འབྱུང་བ་བཞི་ལས་གྲུབ་པའི་ཚུལ་བཤད་པ་ལ། ལུས་པོའི་ནང་གི་ཤ་དང་རུས་པ་རྩ་རྒྱུས་སོགས་གཟུགས་རགས་པའམ་སྲ་བའི་རིགས་རྣམས་སའི་འབྱུང་བ་དང་། ཁྲག་bloodདང་རྣག་pusདང་ཆུ་སེར་lymphསོགས་རླན་གཤེར་གྱི་རིགས་རྣམས་ཆུའི་འབྱུང་བ། ལུས་ཀྱི་དྲོད་མེའི་འབྱུང་བ། དབུགས་དང་ལུས་ཀྱི་ནང་གི་རླུང་ཕྲ་མོ་རྣམས་རླུང་གི་འབྱུང་བ་ཡིན་པ་བཅས་སོ། །སྤྱིར་བཏང་འབྱུང་བ་བཞི་དང་ནམ་མཁའ་རྣམ་ཤེས་ཏེ་འབྱུང་བ་དྲུག་གམ་ཁམས་དྲུག་ཅེས་ཀྱང་འབྱུང་ཡང་། སྐབས་དོན་དང་མ་འབྲེལ་བས་མི་སྤྲོའོ། །བཤད་བྱ་དངོས་ནི། ཐ་མལ་པ་འཆི་བའི་ཚེ། ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་རྣམ་ཤེས་ལ། རྣམ་ཤེས་སྣང་བ་ལ། སྣང་བ་མཆེད་པ་ལ། མཆེད་པ་ཉེར་ཐོབ་ལ། ཉེར་ཐོབ་འོད་གསལ་ལ་ཐིམ་པ་དང་བརྒྱད་དང་དེའི་ཕྱི་ནང་གི་རྟགས་རྣམས་ནི། ༡ ས་ཆུ་ལ་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་སྟོབས་ཤོར། ཡན་ལག་ཕྲ་རུ་འགྲོ། ལུས་ས་འོག་ཏུ་བྱིང་བ་ལྟ་བུའི་སྣང་བ་འབྱུང་། ནང་རྟགས་སུ་ཡིད་ངོར་སྨིག་རྒྱུ་ལྟ་བུའི་སྣང་བ་འབྱུང་། (སྨིག་རྒྱུ་ཞེས་པ་ནི་བྱེ་ཚན་ལ་ཉི་འོད་ཀྱིས་ཕོག་པ་ན་ཆུ་བོ་ཆེན་པོའི་སྣང་བ་འབྱུང་བ་དེ་ལ་ཟེར) ༢ ཆུ་མེ་ལ་ཐིམ་པའི་ཕྱི་རྟགས་སུ་ཁ་སྣ་སྐམ་ཞིང་ཡ་མཆུ་བརྫེས། ནང་རྟགས་སུ་དུ་བ་དྲག་འཕྱུར་མ་ཡིན་པར་གྲོང་ཁྱེར་ཆེན་པོའི་སྟེང་དུ་དུད་ཞགས་འཁྱིལ་བའམ། ཁང་པའི་ནང་དུ་དུ་བ་འཁྲིགས་པའི་རགས་པ་ཡལ་ཏེ་དུ་བ་སྲ་མོས་ཁྱབ་པ་འདྲ་བའི་སྣང་བ་འབྱུང་། ༣ མེ་རླུང་ལ་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་དྲོད་ (མཐའ་ནས) འདུས་པས་ལུས་གྲང་། ནང་རྟགས་སྲིན་བུ་མེ་ཁྱེར་དཔག་ཏུ་མེད་པ་མཉམ་དུ་འཚོགས་པའམ། ཡོས་སྔོད་སའི་སླ་ངའི་རྒྱབ་ཀྱི་མེ་སྟག་དམར་ཚིག་ཚིག་དཔག་ཏུ་མེད་པ་འཐོར་བ་ལྟ་བུའི་སྣང་བ་འབྱུང་། ༤ རླུང་རྣམ་ཤེས་ལ་ཐིམ་པའི་ཕྱི་རྟགས་སུ་དབུགས་ཕྱི་ནང་དུ་རྒྱུ་བ་ཆད། ནང་རྟགས་སུ་རླུང་གིས་མ་གཡོས་པའམ་རླུང་མེད་པའི་མར་མེ་འབར་བ་ལྟ་བུའི་སྣང་བ་འབྱུང་། འདིའི་སྐབས་སུ་ཀླད་པས་བྱ་བ་མི་བྱེད་པས། ཕྱི་རྒྱལ་གྱིས་སྨན་པ་ཚོས་མི་དེ་ཤི་ཟིན་པར་ངོས་འཛིན་བྱེད། འོན་ཀྱང་ནང་པ་ལྟར་ན་འདིའི་སྐབས་སུ་ལྟ་ཞོག་འཆི་རིམ་བརྒྱད་པ་འཆི་བ་འོད་གསལ་གྱི་དུས་སུའང་རྣལ་འབྱོར་པ་དེ་ཉིད་འཆི་བ་འོད་གསལ་ལ་སྙོམས་པར་ཞུགས་ནས་ཡོད་པས། ཐུགས་དམ་གྲོལ་བའི་རྟགས་སུ་བྱང་སེམས་དཀར་དམར་འབབ་པ་སོགས་མ་བྱུང་གི་བར་སྤུར་སྦྱོང་སོགས་བྱ་མི་རུང་ཞིང་། བྱས་ན་མི་བསད་པའི་ཉེས་པ་འབྱུང་བར་གསུང་ངོ་། །མར་མེ་འབར་བ་ལྟ་བུའི་སྣང་བ་ཞེས་པ་འདི་ལ་མཁས་པ་སོ་སོའི་གསུང་ཚུལ་ཕྲན་བུའི་མི་འདྲ་བ་ཡོད་ནའང་། ཁོ་བོས་རྗེའི་གསུང་རིམ་ལྔ་གདན་རྫོགས་དང་། ནཱ་རོ་ཆོས་དྲུག་གི་ཁྲིད་སོགས་ལ་གཞི་བྱས་ཏེ་བཀོད་དོ། །གཞུང་དེ་གཉིས་སུ་རླུང་རྣམ་ཤེས་ལ་ཐིམ་ཞེས་པའི་ཐ་སྙད་སྦྱར་བ་ལྟར་བྱས་ན་ཤིན་ཏུ་གོ་བདེ་བར་སྣང་ངོ་། །ཡང་གཞུང་འགའ་ཞིག་ཏུ་རླུང་སྣང་བ་ལ་ཐིམ་པར་རྩོམ་ཞེས་པ་དང་། རླུང་རྣམ་ཤེས་ལ་ཐིམ་ཞེས་པ་གཉིས་ཚིག་གིས་བརྗོད་ཚུལ་ཙམ་ལས་དོན་འདྲའོ། །རླུང་རྣམ་ཤེས་ལ་ཐིམ་པ་ན་རླུང་རགས་པ་རྣམས་རྣམ་ཤེས་ལ་ཐིམ་པ་ཡིན་ཞིང་། རང་བཞིན་བརྒྱད་ཅུའི་རྟོག་པའི་སེམས་དང་། དེའི་བཞོན་པར་གྱུར་པའི་རླུང་གཉིས་སྣང་བ་དཀར་ལམ་པའི་སྔ་རོལ་ཏུ་ཐིམ་དགོས་པ་ཡིན་ནོ། །༥ འདི་ནས་བཟུང་ནང་གི་རྟགས་མ་གཏོགས་ཕྱིའི་རྟགས་རྣམས་མི་འབྱུང་ངོ་། །རྣམ་ཤེས་སྣང་བ་ལ་ཐིམ་པའི་དུས་སུ་སྟོན་གནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པའི་སྣང་བ་འབྱུང་། སྣང་བ་དཀར་ལམ་པ་འཆར་བའི་རྒྱུ་རྐྱེན་ནི། སྙིང་ག་ཡན་ཆད་ཀྱི་རོ་རྐྱང་གི་རླུང་ཐམས་ཅད་དབུ་མའི་མར་སྣ་ནས་ཞུགས་པའི་སྟོབས་ཀྱིས་སྤྱི་བོའི་རྩ་མདུད་གྲོལ་བའི་དབུས་ན་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་ཧཾ་ཡིག་མགོ་ཐུར་བསྟན་གྱི་རྣམ་པར་ཡོད་པ་ཆུའི་རང་བཞིན་ཅན་ཡིན་པས་ཐུར་ལ་འོངས་ཏེ། སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྱི་སྟེང་དུ་སླེབས་པའི་བར་ལ་དེ་འདྲའི་སྣང་བ་འབྱུང་བ་ཡིན་གྱི་ཕྱི་རོལ་ནས་ཟླ་འོད་སོགས་ཀྱི་སྣང་བ་ཤར་བ་ནི་མིན་ནོ། །དེ་ལ་སྣང་མཆེད་ཐོབ་གསུམ་གྱི་ནང་ནས་སྣང་བ་དང་། སྟོང་པ་བཞིའི་ནང་ནས་སྟོང་པ་ཞེས་བྱའོ། །སྣང་བའི་སྒྲ་བཤད་ནི། རྗེའི་རིམ་ལྔ་གསལ་སྒྲོན་ལས། ཀུན་རྟོག་གཡོ་བའི་རླུང་ཐིམ་ནས་ཟླ་འོད་ལྟ་བུར་སྣང་བའི་སྒོ་ནས་སྣང་བ་ཞེས་བྱ་ལ། ཞེས་གསུངས། དེ་ལ་སྟོང་པ་ཟེར་བའི་རྒྱུ་མཚན་ནི། དེ་ཉིད་ལས། དེ་ཉིད་ཀུན་རྟོག་བརྒྱད་ཅུ་རླུང་དང་བཅས་པས་སྟོང་པས་སྟོང་པ་དང༌། ཞེས་གསུངས་པ་ལྟར་རོ། །༦ སྣང་བ་མཆེད་པ་ལ་ཐིམ་པའི་དུས་སུ་སྟོན་གནམ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་དམར་ལམ་པའམ་དམར་སེར་གྱི་སྣང་བ་འབྱུང་ངོ་། །སྣང་བ་དམར་ལམ་པའམ་དམར་སེར་འབྱུང་བའི་རྐྱེན་ནི། སྙིང་ག་མན་ཆད་ཀྱི་རོ་རྐྱང་གི་རླུང་ཐམས་ཅད་དབུ་མའི་མར་སྣ་ནས་ཞུགས་པའི་སྟོབས་ཀྱིས་ནོར་བུའི་རྩ་འཁོར་གྱི་མདུད་པ་དང་ལྟེ་བའི་རྩ་འཁོར་གྱི་མདུད་པ་རྣམས་རིམ་གྱིས་གྲོལ་ཏེ། ལྟེ་བའི་རྩ་འཁོར་གྱི་དབུས་སུ་མ་ལས་ཐོབ་པའི་ཐིག་ལེ་དམར་པོ་ཨ་ཐུང་ཤད་ཀྱི་རྣམ་པར་ཡོད་པ་མེའི་རང་བཞིན་ཅན་ཡིན་པས་ཡར་འོངས་ཏེ། སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྱི་འོག་ཏུ་སླེབས་པའི་བར་དེ་འདྲའི་སྣང་བ་འབྱུང་བ་ཡིན་གྱི། ཕྱི་རོལ་ནས་ཉི་འོད་སོགས་ཀྱི་སྣང་བ་ཤར་བ་མིན་པ་ནི་གོང་དང་འདྲའོ། །དེ་ལ་སྣང་མཆེད་ཐོབ་གསུམ་གྱི་ནང་ནས་སྣང་བ་མཆེད་པ་དང་། སྟོང་པ་བཞིའི་ནང་ནས་སྟོང་པ་ཆེན་པོ་ཟེར་རོ། །མཆེད་པའི་སྒྲ་བཤད་ནི། སྔར་གྱི་ཟླ་འོད་ལྟ་བུའི་སྣང་བ་དེ་ཉིད་མཆེད་པ་སྟེ་ཆེས་ཆེར་རྒྱས་ནས་ཉི་འོད་ལྟ་བུའི་ཆེས་གསལ་བའི་སྣང་བ་འབྱུང་བས་ན་དེ་སྐད་ཅེས་བྱའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། ཉི་འོད་བཞིན་དུ་ཆེས་གསལ་བའི་སྒོ་ནས་སྣང་བ་མཆེད་པ་དང༌། ཞེས་གསུངས་སོ། །དེ་ལ་ཤིན་ཏུ་སྟོང་པ་ཟེར་བའི་རྒྱུ་མཚན་ནི། དེ་ཉིད་ལས། སྣང་བ་རླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ་དང༌། ཞེས་གསུངས་སོ། །༧ མཆེད་པ་ཉེར་ཐོབ་ལ་ཐིམ་པའི་དུས་སུ་སྟོན་གནམ་གཡའ་དག་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པའི་སྣང་བ་འབྱུང་། སྣང་བ་ནག་ལམ་པ་འཆར་བའི་རྐྱེན་ནི། དབུ་མའི་ནང་གི་ཡས་རླུང་མས་རླུང་རྣམས་སྙིང་གའི་དབུ་མའི་ནང་དུ་འདུས་པའི་སྟོབས་ཀྱིས་སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྲོལ་ཏེ། སྟེང་གི་ཐིག་ལེ་དཀར་པོ་མར་བབས། འོག་གི་ཐིག་ལེ་དམར་པོ་ཡར་འོངས་ཏེ། སྙིང་གའི་དྷཱུ་ཏཱིའི་དབུས་ན་མི་ཤིགས་པའི་ཐིག་ལེ་དཀར་དམར་གའུ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པའི་དབུས་སུ་ཆུད་ནས་ཕྲད་པའི་རྐྱེན་གྱིས་དེ་འདྲའི་སྣང་བ་འབྱུང་བ་ཡིན། དེ་ལ་སྣང་མཆེད་ཐོབ་གསུམ་གྱི་ནང་ནས་ཉེར་ཐོབ་དང་། སྟོང་པ་བཞིའི་ནང་ནས་ཤིན་ཏུ་སྟོང་པ་ཞེས་བྱའོ། །ཉེར་ཐོབ་ཀྱི་སྒྲ་བཤད་ནི། འོད་གསལ་དང་ཉེ་ཞིང་དེ་ཉིད་མྱུར་དུ་འཐོབ་པར་འགྱུར་བའི་གནས་སྐབས་ཡིན་པས་ན་དེ་སྐད་ཅེས་བྱའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལས། ཐུན་མཚམས་ཀྱི་སྨག་བཞིན་དུ་ཤིན་ཏུ་མི་གསལ་བར་སྣང་ཞིང་འོད་གསལ་དང་ཉེ་བས་སྣང་བ་ཉེར་ཐོབ་དང༌། ཞེས་གསུངས། དེ་ལ་སྟོང་པ་ཆེན་པོ་ཟེར་བའི་རྒྱུ་མཚན་ནི། མཆེད་པ་རླུང་དང་བཅས་པས་སྟོང་པས་སྟོང་པ་ཆེན་པོ་དང༌། ཞེས་གསུངས་སོ། །ཉེར་ཐོབ་ལའང་དྲན་བཅས་དང་དྲན་མེད་གཉིས། ཉེར་ཐོབ་ཀྱི་སྟོད་དྲན་བཅས་དང་། སྨད་ནི་གང་ཡང་མི་དྲན་པར་དྲན་མེད་དུ་བརྒྱལ་བ་ལྟར་ནག་འཐོམས་ཀྱིས་འགྲོ་བར་གསུངས་སོ། །རྗེའི་གསང་འདུས་མན་ངག་ཡིག་ཆུང་ལས་ནི་ཉེར་ཐོབ་ཀྱི་སྟོད་སྨད་ལ་དྲན་པ་མི་ཉམས་པར་བར་དུ་ཉམས་པར་གསུངས་ཏེ། དེ་ཉིད་ལས། དེ་ནས་སྣང་བ་དེ་ཡང་རིམ་གྱིས་བསྡུས་ནས་སྣང་བ་གཞན་གང་ཡང་མི་འཆར་བར་ཡུལ་དུ་སྣང་བ་ཐམས་ཅད་མཚན་མོ་སྲོད་ཀྱི་ནམ་མཁའ་དྲི་མ་མེད་པ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་བཞིན་དུ་ནག་ལམ་གྱི་ཉམས་འབྱུང༌། དེའི་སྟོད་སྨད་ལ་དྲན་པ་མི་ཉམས་ཤིང༌། བར་དུ་རླུང་ཆེར་ཐིམ་པའི་མཐུས་དྲན་པ་ཆེར་ཉམས་པ་འབྱུང་ངོ་། །ཞེས་གསུངས་སོ། །མཁས་གྲུབ་ཆོས་རྗེའི་གསང་འདུས་ཡིག་ཆུང་ཉེར་གཅིག་ལས་ཀྱང་ཚིག་རིས་དེ་ཇི་ལྟ་བ་བཞིན་འབྱུང་ངོ་། །འབྱུང་ཐིམ་རིམ་སྐབས་སྣང་བ་དཀར་ལམ་པ་དང་། དམར་ལམ་པའམ་དམར་སེར། ནག་ལམ་པ་གསུམ་འབྱུང་བའི་རྐྱེན་བཤད་པ་འདིའི་ཁུངས་ཡང་། རྗེའི་གསུང་རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཡིག་ལས། འདི་ནི་སྣང་བ་གསུམ་རིམ་གྱིས་ཐིམ་ནས་རླུང་རྣམས་སྙིང་གའི་མི་ཤིགས་པ་ལ་ཐིམ་པ་དང་། སྤྱི་བོའི་ཐིག་ལེ་དཀར་པོ་མར་བབས། ལྟེ་བའི་དམར་པོ་ཡར་འོངས་ཏེ་སྙིང་གའི་ཐིག་ལེ་ལ་འདུས་པའི་སྐབས་ཡིན་ནོ། །ཞེས་གསལ་བར་གསུངས་པ་ལྟར་རོ། །༨ ཉེར་ཐོབ་འོད་གསལ་ལ་ཐིམ་པའི་དུས་སུ་སློད་བྱེད་ཀྱི་སྐྱོན་ཟླ་ཉི་སྨག་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུའི་སྟོང་སང་འཆར་རོ། །དེ་ལ་འོད་གསལ་དང་སྟོང་པ་བཞི་ལས་ཐམས་ཅད་སྟོང་པ་ཞེས་བྱའོ། །དེ་ལྟ་བུའི་ཐ་མལ་པའི་འཆི་བ་འོད་གསལ་ལ་སྙོམས་པར་ཞུགས་པ་ལ་ཐུགས་དམ་ལ་ཞུགས་པའི་ཐ་སྙད་བྱེད་དོ། །འོ་ན་འཆི་བ་འོད་གསལ་དེ་འོད་གསལ་མཚན་ཉིད་ཡིན་ནམ་ཞེ་ན། རྣལ་འབྱོར་པས་འོད་གསལ་མ་བུ་བསྲེས་ཏེ་ལྟ་ཐོག་ཏུ་འཇོག་པ་ནི་འོད་གསལ་མཚན་ཉིད་པ་ཡིན་ཀྱང་། དེ་ལྟར་མ་ཡིན་པར་ཐ་མལ་པ་ལ་རང་ཤུགས་ཀྱིས་ཤར་བའི་འཆི་བ་འོད་གསལ་ནི་གཉིས་སྣང་རགས་པ་འགགས་པ་ཙམ་ལ་འོད་གསལ་ཞེས་བཏགས་པ་ཙམ་ཡིན་གྱི་མཚན་ཉིད་པ་མ་ཡིན་ནོ་ཞེས་མཁས་པ་འགའ་གསུང་ངོ་། །འོད་གསལ་མ་བུ་བསྲེས་ཞེས་པ་ནི། ལམ་དུས་སུ་བསྒོམས་སྟོབས་ཀྱིས་ཤར་བའི་འོད་གསལ་ལ་བུའི་འོད་གསལ་དང་། འཆི་དུས་ཀྱི་འོད་གསལ་ལ་མ་ཡི་འོད་གསལ་ཟེར་བས། དེ་གཉིས་འཆི་བ་འོད་གསལ་གྱི་དུས་སུ་ངོ་ཤེས་ནས་བསྒོམས་པ་ལ་འོད་གསལ་མ་བུ་བསྲེས་པ་ཟེར། ས་ཆུ་ལ་ཐིམ་ཞེས་བརྗོད་ཀྱང་། དོན་དངོས་སུ་ས་ཁམས་ཡེ་མེད་དུ་སོང་བ་མིན་པར་སས་ཤེས་པའི་རྟེན་བྱེད་པའི་ནུས་པ་ཉམས་པ་ལ་ས་ཆུ་ལ་ཐིམ་པའི་ཐ་སྙད་བྱེད་དོ། །དེ་ཡང་རྗེའི་རིམ་ལྔ་གསལ་སྒྲོན་ལས། དེས་ན་སྔ་མ་ཕྱི་མ་ལ་ཐིམ་ཞེས་པ་ནི་སྔ་མའི་ནུས་པ་བསྡུས་ནས་མི་གསལ་དུ་སོང་བ་ན། ཕྱི་མ་ལ་ནུས་པ་འཕོས་པ་འདྲ་བ་ཞིག་བྱུང་བ་དེར་བཏགས་པ་ཙམ་མོ། །ཞེས་གསུངས་པའང་དེ་དང་འདྲའོ། །ཆུ་མེ་ལ་ཐིམ་ཚུལ་སོགས་ལའང་དེ་དང་འདྲའོ། །རླུང་རྣམ་ཤེས་ལ་ཐིམ་ཞེས་སོགས་ནི། སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་ན་རླུང་རགས་པ་དེ་སྙིང་གའི་རྩ་མདུད་ཀྱི་ནང་གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པ་ཡིན་གྱི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ཐིམ་པ་ནི་མིན་པར། རྗེའི་གསུང་ཟིན་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ལས་གསུངས་སོ། །དེ་དུས་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀྱང་། ལྷན་སྐྱེས་ཀྱི་རླུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ནོ། །འབྱུང་བ་ཐིམ་རིམ་འདི་ཡང་རང་བཞིན་གྱིས་འཆི་བ་ལ་མ་གཏོགས་ཆུར་བྱིང་བ་དང་མེར་འཚིགས་པ་ལྟ་བུའི་གློ་བུར་གྱི་འཆི་བ་རྣམས་ལ་མི་འབྱུང་ངོ་། །དེ་ནས་ (བར་དོ་འགྲུབ་པའི་རིམ་པ་བཤད་པ་ནི) དེ་ལྟར་འཆི་བ་འོད་གསལ་གྱི་སེམས་དེ་གཡོ་མེད་དུ་ཇི་ཙམ་གནས་པའི་མཐར། དེའི་ངང་ནས་འདར་འཕྲིག་ཙམ་གྱིས་ཅུང་ཟད་གཡོ་བ་ཞིག་འོང་ལ། དེ་བྱུང་བའི་ཚེ་འོད་གསལ་ལས་ལྡང་བར་རྩོམ་པ་ཡིན་པས་མཚམས་དེ་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་སྙིང་གའི་ཁམས་དཀར་དམར་གྱི་ཐིག་ལེ་ཁ་བཤག་གི་ཕྱེ་བའི་ནང་ནས་ཕྱི་རོལ་ཏུ་རྒྱངས་ཏེ་ཐོན་ནས་ལུས་འདི་བོར་ཏེ། བར་དོའི་ལུས་གྲུབ་པ་ཡིན། དེ་དང་དུས་མཉམ་དུ་སྙིང་གའི་ཁམས་དཀར་པོ་ཐུར་དུ་བབས་ནས་རྟགས་ཀྱི་རྩེ་དང༌། དམར་པོ་གྱེན་དུ་སོང་ནས་སྟེང་གི་སྣ་སྒོ་ནས་ཕྱིར་འབྱུང་ངོ་། ། (སྐྱེས་ཆེན་དམ་པའི་རིགས་ལ་སྣ་སྒོ་ནས་བྱང་སེམས་དམར་པོ་འབབ་ཅིང་། རྟགས་ཀྱི་རྩེ་ནས་བྱང་སེམས་དཀར་པོ་འབབ་པའི་ཚེ། ཐུགས་དམ་གྲོལ་ཞེས་པའི་ཐ་སྙད་བྱེད་པ་རེད། དེའི་རྗེས་སུ་སྐུ་གདུང་ཞུགས་འབུལ་བྱེད་ནའང་འགྲིག ཁམས་དཀར་པོ་ཆུའི་རང་བཞིན་ཡིན་པས་སྨད་དུ་མར་བབས་ནས་རྟགས་ཀྱི་རྩེ་ནས་ཐོན་པ་དང་། ཁམས་དམར་པོ་མེའི་རང་བཞིན་ཡིན་པས་སྟེང་དུ་ཡར་སོང་སྟེ་སྣ་སྒོ་ནས་ཐོན་པ་ཡིན་ནོ) དེ་ཡང་འཆི་བ་འོད་གསལ་གྱི་བཞོན་པར་གྱུར་བའི་རླུང་འོད་ཟེར་ལྔ་པ་དེས་བར་དོའི་ལུས་ཀྱི་ཉེར་ལེན་དང་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱེད་ལ། འཆི་བ་འོད་གསལ་གྱི་སེམས་དེས་བར་དོའི་ལུས་ཀྱི་ལྷན་ཅིག་བྱེད་རྐྱེན་དང་སེམས་ཀྱི་ཉེར་ལེན་བྱས་པ་ལ་བརྟེན་ནས། གང་དུ་སྐྱེ་འགྱུར་གྱི་མིའི་རྣམ་པ་ཅན་གྱི་བར་དོ་རླུང་གི་ལུས་ཅན་རྣམ་སྨིན་གྱི་ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་བའི་ཚུལ་གྱིས་དངོས་གནས་ལ་གྲུབ་བོ། །དེའི་ཚེ་སྣང་མཆེད་ཐོབ་གསུམ་སོགས་སྔར་བཤད་པ་ལས་གོ་རིམ་བཟློག་སྟེ་ལུགས་ལྡོག་གི་ཉེར་ཐོབ་ནག་ལམ་པ་ཤར་བ། འཆི་བ་འོད་གསལ་འགགས་པ། བར་དོ་གྲུབ་པ་རྣམས་དུས་མཉམ་ཡིན་ཏེ། མངོན་པ་གོང་འོག་དང་ས་སྡེ་སོགས་མང་པོ་ནས་འཆི་སྲིད་འགགས་པ་དང་བར་སྲིད་གྲུབ་པ་གཉིས་སྲང་མདའི་མཐོ་དམན་བཞིན་དུ་དུས་མཉམ་པར་གསུངས་ཤིང༌། བར་སྲིད་པ་རྫུས་སྐྱེས་ཡིན་པས་དབང་པོ་དང་ཡན་ལག་ཉིང་ལག་ཐམས་ཅད་ཅིག་ཅར་དུ་གྲུབ་པའི་ཕྱིར་རོ། །བར་དོ་གྲུབ་མ་ཐག་པའི་སེམས་ནི་ལུགས་ལྡོག་གི་ཉེར་ཐོབ་ཡིན་ལ། དེ་ལས་ལུགས་ལྡོག་གི་མཆེད་པ་དང༌། དེ་ལས་སྣང་བ་དང༌། སྣང་བ་དེ་ལས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་སྐྱེས་ཏེ་བར་དོ་བ་དེས་སྐྱེ་གནས་དང་དྲི་འཚོར་བ་སོགས་ཀྱི་ཕྱིར་དུ་མངོན་པར་རྒྱུག་པ་ཡིན་ནོ། །དེ་དག་གི་ཚེའང་སྔར་བཤད་པའི་རིམ་པ་ལས་ལྡོག་སྟེ། ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་རྣམས་རིམ་བཞིན་འབྱུང༌། ཤ་ཁྲག་རྡོས་བཅས་སོགས་འབྱུང་ལུས་རགས་པ་སྤངས་པའི་རླུང་ཙམ་ལས་གྲུབ་པའི་ཡིད་ལུས་ཤིན་ཏུ་ཕྲ་བའི་བར་དོ་བ་དེ་ལ། གཞིའི་ལོངས་སྐུ་དང༌། དྲི་ཟ་ཞེས་བྱའོ། །ཞེས་དབྱངས་ཅན་དགའ་བློའི་གཞིའི་སྐུ་གསུམ་གྱི་རྣམ་གཞག་བཤད་པ་སོགས་ལས་གསུངས་སོ། །གོང་དུ་འཆི་རིམ་རྣམས་མདོར་བསྡུས་སུ་བཀོད་ན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐྱབས་ཐུགས་རྗེ་མ་ལས། ས་ཁམས་ཐིམ་པས་ལྟེ་བའི་རྩ་འཁོར་ཞིག །ལུས་ཀྱི་སྟོབས་ཤོར་ཡན་ལག་སྡུད་མི་ཐུབ། །བྱད་ལ་རྡུལ་ཆགས་མིག་གཉིས་རྡིབ་པའི་ཚེ། །སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ། །འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས། །ཆུ་ཁམས་ཐིམ་པས་སྙིང་གའི་རྩ་འཁོར་ཞིག །ཚོར་བ་ཉམས་པས་ཁ་སྣ་ཕྱི་ནས་སྐམ། །སྣ་ཡི་བུ་ག་གཉིས་པོ་སྐམ་པའི་ཚེ། །སྐྱབས་ལ༔། །འཁོར་བ་ནས༔། །མེ་ཁམས་ཐིམ་པས་མགྲིན་པའི་རྩ་འཁོར་ཞིག །ལུས་ཀྱི་དྲོད་བསྡོགས་ཟས་སྐོམ་འཇུ་མི་ཐུབ། །རྣ་བ་གཡས་གཡོན་དབང་པོ་འགགས་པའི་ཚེ། །སྐྱབས་ལ༔། །འཁོར་བ༔། །རླུང་ཁམས་ཐིམ་པས་སྤྱི་བོའི་རྩ་འཁོར་ཞིག །ངར་ངོར་སོག་སོག་ཕྱི་དབུགས་སྡུད་མ་ཐུབ། །ཁ་ལྐུགས་ལྕེ་ཡི་དབང་པོ་ཉམས་པའི་ཚེ། །སྐྱབས༔། འཁོར་བ༔། །བྱང་སེམས་ཐུར་བབས་དཀར་ལམ་ཤར་བ་དང་། །རཀྟ་གྱེན་ལོག་དམར་ལམ་ཤར་བ་དང་། །དབུ་མ་འགྱེལ་དུས་ནག་ལམ་འཚུབ་པའི་ཚེ། །སྐྱབས༔། འཁོར༔། རང་བཞིན་བརྒྱད་ཅུའི་རྟོག་པ་རིམ་གྱིས་འགགས། །འོད་གསལ་རང་བཞིན་ཕྱག་རྒྱ་ཆེན་པོའི་ངང་། །བཅོས་མེད་རང་གི་རྒྱུད་ལ་ཤར་བའི་ཚེ། །སྐྱབས་ལ་བབ་བོ་བླ་མ་རིན་པོ་ཆེ། །འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས། །ཞེས་གསུངས་པ་ལྟར་རོ། །