8053

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འཇིག་པའི་བསྐལ་པ
Tibetan Definition (མཛོད) དམྱལ་བ་མནར་མེད་ན་སྔར་སྐྱེས་པའི་སེམས་ཅན་མང་དུ་ཡོད་ཀྱང་། ཕྱིས་ནས་སྐྱེ་འཕྲོ་ནམ་ཆད་པ་ན་གནས་པའི་བསྐལ་པ་རྫོགས་ནས། འཇིག་པའི་བསྐལ་པའི་འགོ་ཚུགས་པ་ཡིན་ནོ། །དེ་ཡང་འཇིག་པ་ལ་མེས་འཇིག་པ་དང་། ཆུས་འཇིག་པ། རླུང་གིས་འཇིག་པ་དང་གསུམ་ལས། མེས་འཇིག་གི་དབང་དུ་བྱས་ན། དང་པོ་ཁམས་གསུམ་གྱི་དམའ་ཤོས་དམྱལ་བ་མནར་མེད་ཀྱི་སེམས་ཅན་དང་དེའི་སྣོད་སྟོངས་པ་ནས་བཟུང་སྟེ། བསམ་གཏན་དང་པོའི་སེམས་ཅན་དང་དེའི་སྣོད་ཀྱི་འཇིག་རྟེན་སྟོངས་པའི་བར་གྱི་བསྐལ་པ་ལ། འཇིག་པའི་བསྐལ་པ་ཟེར། མེས་འཇིག་ནས་བསམ་གཏན་དང་པོའི་བར་སྟོངས། ཆུས་འཇིག་ན་བསམ་གཏན་གཉིས་པའི་བར་སྟོངས། རླུང་གིས་འཇིག་ནས་བསམ་གཏན་གསུམ་པའི་བར་སྟོངས་པར་འགྱུར་རོ། །དེས་ན་བར་བསྐལ་བཅུ་དགུའི་རིང་ལ་བཅུད་ཀྱི་སེམས་ཅན་ཡོངས་རྫོགས་སྟོངས་པའི་རྗེས་སུ། ཉི་མ་བདུན་རིམ་གྱིས་ཤར་ཏེ་སྣོད་ཀྱི་འཇིག་རྟེན་སྟོངས་ཏེ་ནམ་མཁའ་སྟོང་པར་གནས་པ་ཡིན་ནོ། །ཅུང་ཟད་ཞིབ་པར་བཤད་ན་དང་པོ་དམྱལ་བ་མནར་མེད་ཀྱི་སེམས་ཅན་ཚེ་འཕོས་ཏེ་གནས་གོང་མར་སྐྱེས་ཏེ་སྟོངས། ཚུལ་དེ་ལྟ་བུས་སེམས་ཅན་དམྱལ་བ་ལྷག་མ་རྣམས་དང་། དུད་འགྲོ་དང་ཡི་དྭགས་དང་། བྱང་གི་སྒྲ་མི་སྙན་པའི་མི་མ་གཏོགས་པའི་གླིང་གསུམ་གྱི་མི་རྣམས་བསམ་གཏན་དང་པོར་སྐྱེས་ཏེ་སྟོངས་པར་འགྱུར་རོ། །བྱང་གི་སྒྲ་མི་སྙན་པའི་མི་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པས་ཏིང་ངེ་འཛིན་མི་སྐྱེ་བས་འདོད་པའི་ལྷ་ཙམ་གྱི་ནང་དུ་སྐྱེས་ཏེ་སྟོངས། འདོད་པའི་ལྷ་རྣམས་ནི་བསམ་གཏན་དང་པོར་སྐྱེས་ཏེ་སྟོངས། བསམ་གཏན་དང་པོའི་ལྷ་རྣམས་བསམ་གཏན་གཉིས་པར་སྐྱེས་ཏེ་སྟོངས་པར་འགྱུར་རོ། །དེ་ལྟར་བཅུད་ཀྱི་སེམས་ཅན་འཇིག་པ་ལ་བར་བསྐལ་བཅུ་དགུ་ཐོགས་སོ། །དེ་ནས་དམྱལ་ཁམས་ནས་བསམ་གཏན་དང་པོའི་བར་གྱི་སྣོད་ཀྱི་འཇིག་རྟེན་སྟོངས་པར་འགྱུར་རོ། །དེ་ལ་བར་བསྐལ་གཅིག་ཐོགས་པར་བཤད་དོ། །དེས་ན་འཇིག་བསྐལ་ལ་བསྡོམས་བར་བསྐལ་ཉི་ཤུ་ཐོགས་སོ། །མཛོད་རྩ་བ་ལས། འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །ཞེས་དང་། མཛོད་རང་འགྲེལ་ལས། དེ་ལྟར་ན་དམྱལ་བ་དག་ན་སེམས་ཅན་རྣམས་འཆི་འཕོ་བ་དང་མི་སྐྱེ་བ་ནས་བཟུང་སྟེ། སྣོད་རྣམས་ཟད་པའི་བར་གྱི་དུས་དེ་ནི་འཇིག་པའི་བསྐལ་པ་ཞེས་བྱའོ། །ཞེས་གསུངས་སོ། །གནས་བསྐལ་མཇུག་རྫོགས་པ་དང་འཇིག་བསྐལ་འགོ་འཛུགས་པ་ཡིན་ནོ། །དོགས་གཅོད། མཆིམས་མཛོད་དུ་མདོ་ལུང་ཁུངས་སུ་བཅོལ་ཏེ། བསྐལ་པ་ལ། བར་གྱི་བསྐལ་པ་དང་། འཇིག་པའི་བསྐལ་པ། འཆགས་པའི་བསྐལ་པ། གནས་པའི་བསྐལ་པ། སྟོངས་པའི་བསྐལ་པ། བསྐལ་པ་ཆེན་པོ་ཞེས་དྲུག་ཙམ་བཤད་དོ། །