From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| ཡུམ་བུ་བླ་སྒང
|
| Tibetan Definition
|
སྤྱི་ལོའི་སྔོན་གྱི་དུས་རབ་གཉིས་པའི་ནང་བཞེངས་པའི་བོད་ཀྱི་རྒྱལ་པོའི་ཕོ་བྲང་སྔ་ཤོས་ཡུམ་བུ་བླ་སྒང་ཞེས་བྱ་བ་ནི། བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོའི་ཕོ་བྲང་ཡིན། དེ་ནི་བོད་རྒྱལ་དེའི་སྐུ་དུས་སུ་བཞེངས་ཤིང་། བོད་ཀྱི་ཁང་ལས་བཟོ་སྐྲུན་ལས་རིགས་ཀྱི་ཐོག་མ་ཡིན་པར་ངོས་འཛིན་བྱེད། དེ་ནི་ཡར་ཀླུང་གི་ཕུར་རི་ལོགས་ཤིག་ལ་རྡོ་གཡམ་ཆེ་ཆུང་སྣ་ཚོགས་ཀྱིས་བརྩིགས་པའི་༜མཁར༜ཐོག་བརྩེགས༜གསུམ་པ་ཞིག་ཡོད་པ། རྗེས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་འབྲིང་ཤཱཀྱ་མགོན་པོས་ཉམས་གསོ་དང་། སྟེང་གི་རྒྱ་ཕིབས་ཕུབ་པ་དང་། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་ཉམས་གསོ་དང་། རྒྱ་བསྐྱེད་གནང་སྟེ་རྩ་བ་སྔོན་མའི་མཁར་གྱི་༜རྩིག་རྨང༜ཐོག་ཚད༜ལྷག་ཙམ་རྒྱ་དམར་གྱི་རིག་གནས་གསར་བརྗེའི་༜དུས་ལོག༜མ་བྱུང་གི་བར་མཇལ་རྒྱུ་ཡོད་པར་ཞྭ་སྒབ་པའི་རྒྱལ་རབས་སུ་གསལ། ཕོ་བྲང་འདིའི་མཐོ་ཚད་ལ་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་བཞེངས་པའི་གསེར་ཟངས་ཀྱི་རྒྱ་ཕིབས་བརྩིས་པའི་ཐོག་རྩེག་དགུ་ཡོད་ཅིང་། ཕོ་བྲང་འདིའི་ནང་གི་ལྡེབས་བྲིས་སུ། ཞིང་ལ་སྔ་བ་ཞལ་ཟས་ཞིང་དང་། གྲོང་ལ་སྔ་བ་མོན་གྲོང་ཤར་པ། རྫོང་ལ་སྔ་བ་མེ་ཏོག་རྫོང་། ཞེས་སྔ་མོའི་ལོ་རྒྱུས་བཀོད་ཡོད་ཅིང་། བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་ཐོག་མའི་དབུ་བརྙེས་སའང་ཕོ་བྲང་འདི་ཉིད་ཡིན། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་ཕོ་བྲང་འདིའི་ཐོག་རྩེར་གཉན་པོ་གསང་བ་བབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བཤད་པ་ལ་གཞིགས་ན། ཕོ་བྲང་འདི་བོད་ཀྱི་རྒྱལ་པོ་མང་པོས་ཕོ་བྲང་གནང་བར་ངེས་སོ། །སྒྲ་བཤད་ནི། ཤ་བ་ཡུ་མོའི་བརླ་འདྲ་བའི་རིའི་སྒང་དུ་ཆགས་ཡོད་པས་ “ཡུ་མོའི་བརླ་སྒང” ཞེས་ཐོག་མར་མིང་དེ་ལྟར་ཐོགས་ཀྱང་། ཕྱིས་ “ཡུམ་བུ་བླ་སྒང” ཞེས་འབྲི་སྲོལ་འཇགས་པ་རེད་ཟེར་མཁན་ཡང་ཡོད། རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་རྗེས་སྐབས་ཤིག་རིང་ཡུམ་བུ་བླ་སྒང་དུ་བཞུགས་པ་དང་། དགུན་དུས་ཁྲ་འབྲུག་གཙུག་ལག་ཁང་དུ་བཞུགས་པར་གྲགས། ཕྱི་ལོ་ (༡༩༤༠) ནང་ཕྱི་རྒྱལ་བ་ཞིག་གིས་བརྒྱབ་པའི་གནའ་བོའི་ཕོ་བྲང་གི་འདྲ་སྤར་དང་། རིག་གནས་གསར་བརྗེའི་ (༡༩༦༦-༡༩༧༦) སྐབས་གཏོར་བཤིག་བཏང་བའི་གྱང་ཤུལ་གྱི་འདྲ་སྤར་གཉིས་ཀ་ john F. Avedon གྱིས་བྲིས་པའི་ In Exile from the Land of Snows ཞེས་པའི་དེབ་ནང་དངོས་སུ་མཐོང་རྒྱུ་ཡོད་ཅིང་། ཕྱིས་སུ་རྒྱ་ནག་གཞུང་གིས་ཞིག་གསོ་བྱས་ཏེ་གནའ་བོའི་ཕོ་བྲང་དང་བཟོ་བཀོད་མཚུངས་པ་ཞིག་གསར་རྒྱག་བྱས་པའི་འདྲ་སྤར་ཡང་མཐོང་རྒྱུ་འདུག ཕོ་བྲང་འདི་ལ་ (དེབ་ཐེར་དམར་པོ་༣༣ལས་སྐུ་མཁར་འུམ་བུ་བླ་སྒང་ཞེས་འབྱུང) འུམ་བུ་གླང་མཁར་དང་། ཡུམ་བུ་གླ་མཁར། ཡུམ་བུ་ལྷ་མཁར་ཟེར་བ་སོགས་སྣ་ཚོགས་ཤིག་སྣང་ངོ་། །ལྕང་གླང་པ་རོལ་པའི་རྡོ་རྗེས་བརྩམས་པའི་ཡུམ་བུ་བླ་སྒང་གི་དཀར་ཆག་ཅིག་ཀྱང་ཡོད་འདུག་པ་དེར་གཟིགས་པར་ཞུ།
|