8839

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:43, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡུལ་ཉེར་བཞི
Tibetan Definition ༡ པུལླི་ར་མ་ལ་ཡ། (པ་ཊ་ལི་པུ་ཏྲ་ Pataliputra ཞེས་པ་དེང་སང་པ་ཊ་ནཱ་ Patna पटना ཞེས་པ་ཝི་ཧཱར་གྱི་མངའ་སྡེའི་རྒྱལ་ས་དེ་རང་ཡིན། དེ་ནི་ཆོས་རྒྱལ་ (ཨ་ཤྭོ་ཀ) མྱ་ངན་མེད་ཅེས་བྱ་བ་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་མཁན་དེའི་རྒྱལ་ས་ཡིན། སྔོན་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ཟེར་ཞིང༌། བོད་སྐད་དུ་སྐྱ་ནར་བུའི་གྲོང་ཁྱེར་བྱ་བ་དེ་ཡིན་པར་བཤད) ༢ ཛཱ་ལནྡྷ་ར་དང༌། (ཛཱ་ལནྡྷ་ར་དང༌། ཀཱང་ར་དོན་གཅིག་ཡིན་པར་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་ནང་གསལ། ཀཱང་ར་ནི། བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་ཀྱི་གྲོང་ཁྱེར་ཞིག་དང་། ཀཱཾ་ཌ་ कांगड़ा kangra ཟེར་བ་དེའོ) ༣ ཨོ་ཌི། (ཨོ་ཌི་ཡ་ན་ལ་གོ་དགོས་པར་སྙམ་སྟེ། ཁ་སྦྱོར་རྗེའི་སྦས་དོན་ཀུན་གསལ་དུ་དྲངས་པ་ལས་ཀྱང་། ཛཱ་ལནྡྷ་ར་དང༌། ཨོ་ཌི་ཡ་ན་དང་། ཞེས་འབྱུང་ངོ་། །ཨོ་ཌི་དང་། ཨོ་ཌི་བི་ཤ་གཉིས་དོན་གཅིག་ཡིན་པར་དགེ་ཆོས་ཀྱི་རྒྱ་གར་གནས་ཡིག་ཏུ་བཤད་ཅིང་། ཨོ་ཌི་བི་ཤ་ནི་དེང་སང་ཨོ་རི་ས་ Orissa ཞེས་པ་གནའ་བོ་ཀ་ལིངྒའི་ཡུལ་དུ་གྲགས་པ་དེ་ཡིན་པར་གནས་ཡིག་དེ་ཉིད་དུ་གསལ་བས་དགེ་ཆོས་ཀྱི་གསུང་ལ་ནང་འགལ་འདུག་སྙམ་ཡང་དཔྱད་དོ། །དོགས་གཅོད་འོག་ཏུ། ཀ་ལིངྒ་ཞེས་པའི་ཐད་དུ་གཟིགས) ༤ ཨརྦུ་ཏ་དང༌། (རྒྱ་གར་ལྷོ་ཕྱོགས་ན་རི་དབུས་མཐོ་ལ་མཐའ་བ་འབྲང་རྒྱས་འདྲ་བ་མཐའ་ནགས་ཚལ་མཐུག་པོས་བསྐོར་བ་རྡོ་འཇོག་ཅེས་ཀྱང་གྲགས་པ་ལ་བཞེད་ཅེས་ཀོང་སྤུལ་ཡོན་ཏན་རྒྱ་མཚོའི་ཀྱེ་རྡོར་གྱི་འགྲེལ་པར་གསུངས) ༥ གོ་ད་བ་རི་དང༌། (གོ་ད་ཝ་རི་སྟེ། བ་ཡི་མཆོག་སྦྱིན་ཞེས་བྱ་བ་ནི། བལ་ཡུལ་ན་བ་དཀར་མོ་ཞིག་གིས་འོ་མས་མཆོད་སྦྱིན་བྱས་པའི་ཤུལ་དུ་བརྐོས་པས་དབང་ཕྱུག་ཆེན་པོའི་ལིང་ག་ཞིག་བྱུང༌། དེ་རི་འབིགས་བྱེད་དང་ཉེ་བ་རྡོ་རྗེ་གདན་ནས་ཟླ་བ་ཕྱེད་གཉིས་ཕྱིན་པའི་སར་ཁྱེར་ཏེ་མཆོད་པས་གྲུབ་ཆུ་བྱུང་བའི་གནས་ཏེ། ལྷོ་ཕྱོགས་དཔལ་གྱི་རིའི་ངོགས་ཤིག་ན་ཡོད་པར་བཞེད) ༦ ར་མེ་ཤྭ་རི་དང༌། (ར་མེ་ཤྭ་ར་ནི་ Rameshwaram གནས་ཆེན་ཉེར་བཞིའི་ནང་གི་གཅིག་ཡིན་ཅིང༌། རྒྱ་གར་ལྷོ་ཕྱོགས་ཨཱཾ་དྷ་རཱ། པྲ་དེཤའི་आंधरा प्रदेश Andhara Pradesh མངའ་སྡེའི་མངའ་ཁོངས་དང་ཤྲཱི་ལངྐ་དང་ཉེ་བའི་རྒྱ་མཚོའི་ཉེ་འགྲམ་གྱི་སྣེ་མོར་ཆགས་པའི་གླིང་ཕྲན་ཞིག རྒྱ་གར་གྱི་ས་ཁྲ་ལ་བལྟས་ན་གསལ་བར་ངོ་འཕྲོད་ཐུབ) ༧ དེ་ཝཱི་ཀོ་ཊི་དང༌། ༨ མཱ་ལ་ཝ་དང༌། ༩ ཀཱ་མ་རཱུ་པ་དང༌། (ཡོངས་གྲགས་སུ་གྷོ་ཧ་ཊི་དང་དག་པར་བྲིས་ན་གྷུ་ཝཱ་ཧཱ་ཊཱི་དང་ गुवाहाटी Guwahati ་ཐག་མི་རིང་བའི་སར་ཡོད་པའི་མ་ཧཱ་མུ་ནི་བྱ་བ་དེ་ཡིན་པར་བཤད་དེ། དགེ་ཆོས་རྒྱ་གར་གནས་ཡིག་ལས། པརྦ་ཏི་པཱུར་ནས་གྷོ་ཧ་ཊི་བར་རི་ལི་དང་དེ་ནས་མེ་ལི་བཅུ་བདུན་སོང་ན་ཤར་རྩ་མཆོག་གྲོང་མ་ཧཱ་མུ་ནི་ཡོད། དེ་ནི་གནས་ཆེན་ཉེར་བཞིའི་ཡ་གྱལ་གྱི་ཀཱ་མ་རཱུ་པ་ཡིན་འདུག་ཅིང༌། སྔོན་མདོ་སྔགས་གཉིས་ཀའི་བསྟན་པ་ཤིན་ཏུ་དར་བའི་གནས་ཡིན་ཞེས་གསལ། ཡང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཀྱེ་རྡོར་གྱི་འགྲེལ་པ་ལས། འདོད་པའི་གཟུགས་ཏེ་གཉལ་གྱི་ལྷོ་ཐད་རྒྱ་གར་ཤར་ཕྱོགས་ཆུ་བོ་ལོ་ཧི་ཏ་དཀྱིལ་ན་འབབ་པའི་ས་ཕྱོགས་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད་པའི་ཕྱོགས་ཤིག་ན་སྒྲུབ་གནས་རྡོའི་ལིང་ག་མཆན་ཁུང་ལྟ་བུས་མཚན་པའི་ཆོས་འབྱུང་མི་གང་ཙམ་གྱིས་མཐོ་བ་ཡོད་པ་ལ་བཞེད་ཅེས་གསལ) ༡༠ ཨོ་ཏྲེ་དང༌། ༡༡ ཏྲི་ཤ་ཀུ་ནེ་དང༌། ༡༢ ཀོ་ས་ལ་དང༌། (ཀོ་ས་ལའམ་ཀོ་ཤ་ལ་ནི་དགེ་བ་ཅན་ཞེས་བྱ་བ། མཉན་ཡོད་ན་རྒྱལ་པོ་གསལ་རྒྱལ་གྱི་ཡུལ་སྔོན་རྒྱལ་པོ་དགེ་བ་ཞེས་བྱ་བས་བརྩེགས་པ་དེའི་རྒྱང་གྲགས་གཅིག་གི་ཕ་རོལ་ན་རྡོའི་ལིངྒ་སྣ་ལྟ་བུས་མཚན་པ་ཡོད་པ་ལ་བཞེད) ༡༣ ཀ་ལིངྒ་དང༌། (དགེ་འདུན་ཆོས་འཕེལ་གྱིས། ཨོ་ཌི་དང་། ཨོ་ཌི་བི་ཤ་དང་། ཀ་ལིངྒ་གསུམ་དོན་གཅིག་པར་བཤད་པ་ལྟར་ན། གོང་དུ་ཨང་གྲངས་༣པར་བཤད་པའི་ཨོ་ཌི་དང་། འདིར་༡༣པར་བཤད་པའི་ཀ་ལིངྒ་གཉིས་ཟློས་སྐྱོན་ལྟ་བུར་སྣང་བས་དགེ་འདུན་ཆོས་འཕེལ་གྱི་གསུང་ལ་ནང་འགལ་སོགས་ཀྱི་ནོར་འཁྲུལ་ཡོད་མེད་བརྟག་དགོས་སོ། །ཡང་། འཇམ་མགོན་ཀོང་སྤྲུལ་གྱིས། མང་ནང་གི་རྒྱབ་རྡོ་རྗེ་གདན་ནས་དཔག་ཚད་བཅུ་གཉིས་ཀྱི་ཚུ་རོལ་ན་གླང་པོ་འཛིན་པའི་ས་ཞེས་བྱ་བའི་སྒྲུབ་གནས་ཡོད་པ་ལ་བཞེད། ཡང་། འགའ་ཞིག་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཀ་ལིངྒ་དང་ཉེ་བའི་ཡུལ་འཁོར་ལ་བཞེད། ཡང་། ཁ་ཅིག་རྡོ་རྗེ་གདན་ནས་དཔག་ཚད་བཅུ་དྲུག་ལྷོ་ནུབ་ཏུ་ཕྱིན་པ་ན་ཡོད་པ་ལ་བཞེད) ༡༤ ལཾ་བ་ཀའི་ཡུལ་དང༌། (ལམ་བ་ཀ་སྟེ་འདི་སིན་དྷུའི་ཡུལ་ཆ་སྟེ། ཀཱ་ཏྱ་ནའི་ལོ་རྒྱུས་སུ་འཕྱང་བ་པ་ཞེས་བསྒྱུར་བ་དེ་དང་དོན་གཅིག) ༡༥ ཀཉྩི་དང༌། (རྒྱ་གར་ལྷོ་ཕྱོགས་ཆོས་གྲགས་ཀྱི་ཡུལ་དང་ཉེ་བ་ན་གྲོང་ཁྱེར་མཆོག་ཅེས་གྲགས་པ་དཱ་རི་ཀ་པ་གྲུབ་པ་བརྙེས་པའི་ས་ཕྱོགས་སྒྲུབ་གནས་གསེར་གྱི་ལིངྒ་ལྟ་བུས་མཚོན་པ་ཡོད་པ་ལ་བཞེད་ཅེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཀྱེ་རྡོར་གྱི་འགྲེལ་པར་གསུངས) ༡༦ ཧི་མ་ལ་ཡ་དང༌། ༡༧ པྲེ་ཏ་པཱུ་རི་དང༌། ༡༨ གྲ་ཧ་དེ་བ་ཏ་དང༌། ༡༩ སཽ་རཥྚ་དང༌། ༢༠ སུ་ཝརྞ་དྷི་པ་དང༌། ༢༡ ན་ག་ར་དང༌། (ན་ག་ར་ནི་ཁ་ཆེའི་གྲོང་ཡིན) ༢༢ སིན་དྷུའི་ཡུལ་དང་། ༢༣ མ་རུ་དང་། (Kulu ཀུ་ལུའི་ཉེ་འདབས་ཀྱི་བྷ་ག་བ་ཏེ་བྱ་བ་ལྷ་མོ་བགྲོད་དཀའི་གནས་ཤིན་ཏུ་གཉན་པ་དེ་མ་རུ་ཡིན་པར་བཤད་དེ། དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་ལས། ཀུ་ལུའི་བྱང་དུ་རོ་ཐང་ལ་བརྒལ་ན་བོད་ཀྱི་ཡུལ་ག་ཞ་མཁའ་འགྲོའི་གླིང་ཞེས་འབྲི་གུང་སྐྱོབ་པས་བསྔགས་པ་དེར་སླེབས། དེར་དྲིལ་བུ་རི་རི་དང༌། ལུང་སྨད་དུ་འཕགས་པ་འཇིག་རྟེན་གསུམ་མགོན་བྱ་བའི་སྤྱན་རས་གཟིགས་ཀྱི་སྣང་བརྙན་ངོ་མཚར་ཅན་དེ་བཞུགས། འཕགས་པའི་བཞུགས་ས་ནས་མར་ལ་ཚ་ལམ་ཙམ་གྱི་སར་བྷ་ག་བ་ཏེ་བྱ་བ་ལྷ་མོ་བགྲོད་དཀའི་གནས་ཤིན་ཏུ་གཉན་པ་དེ། གནས་ཆེན་ཉེར་བཞིའི་མ་རུ་ཏ་ཡིན་ཞེས་བླ་མ་འགའ་རེས་གསུངས་ཞེས་གསལ། འདི་མྱ་ངན་གྱི་ཡུལ་ཡིན་པར་རྗེའི་སྦས་དོན་ཀུན་གསལ་དུ་གསལ) ༢༤ ཀུ་ལུ་ཏ་དང་ (Kulu ཀུ་ལ་དང་དོན་གཅིག བོད་སྐད་དུ་ཉུང་ཏི་ཟེར། དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་ལས། མན་དེའི་ཆུ་བརྒྱུད་ནས་མོ་ཊར་ལས་ཀུ་ལུ་ལ་སླེབས། ཡུལ་དེ་ལ་བོད་སྐད་དུ་ཉུང་ཏི་ཟེར། དེ་གནས་ཆེན་ཉེར་བཞིའི་ནང་གི་ཀུ་ལུ་ཏ་ཡིན་པར་གཞུང་མང་པོར་གསུངས་ཤིང༌། བུ་སྟོན་གྱི་བདེ་མཆོག་སྤྱི་རྣམ་དུ་གར་ཞའི་རྒྱབ་ཉུང་ཏིའི་ཕུག་ཅེས་ཤིན་ཏུ་གསལ་བར་བཤད། པུས་མོ་ལྟ་བུའི་ལིངྒ་ནི་ཤར་རིའི་རྩེ་ན་ཡོད་པའི་ལྷ་རྟེན་གློག་གི་དབང་ཕྱུག་བྱ་བ་དེ་ཡིན་ཟེར། འོན་ཀྱང་བུ་སྟོན་གྱིས་བྲག་ཕུག་ཅིག་ན་ཡོད་པར་གསུངས། འདི་མྱ་ངན་གྱི་ཡུལ་ཡིན་པར་སྦས་དོན་ཀུན་གསལ་དུ་གསུངས) ཉེར་བཞིའོ། །རྗེའི་སྦས་དོན་ཀུན་གསལ་དང་། དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་སོགས་ལ་གཞི་བྱས་ཏེ་བཀོད།