8925

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 14:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཡོན་ཆབ་ཀྱི་སྐོར
Tibetan Definition སྦྱོར་བའི་ཆོས་དྲུག་གི་གཉིས་པ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ་པ་ལ། དང་པོ་ (ཡོན་ཆབ་ཀྱི་ངོ་བོ) ནི། ཡོན་ཆབ་ནི་ཆུའི་མཆོད་པ་ལ་ཟེར། གཉིས་པ་ (སྒྲ་བཤད) ནི། ཡོན་ནི་འདིར་འབུལ་བའམ་མཆོད་པའི་དོན་དང་། ཆབ་ནི་ཆུའི་ཞེ་ས་སྟེ། སྐྱབས་ཡུལ་ལ་དྭངས་ཤིང་གཙང་བའི་ཆུའི་མཆོད་པ་འབུལ་བ་ལ་ཟེར་རོ། །དྭངས་ཤིང་བསིལ་བའི་ཡོན་ཆབ་གཙང་མ་ཕུལ་ན་ཤེས་རྒྱུད་ཀྱི་སྡིག་ལྟུང་སྦྱངས་ཏེ་ས་ལམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཆེ་ཞིང་བསྒྲུབ་སླ་ལ་སེར་སྣ་སོགས་ཀྱི་ཉེས་པ་མི་འཇུག་པས་བླ་མ་གོང་མ་རྣམས་ཀྱིས་གཙོ་བོར་མཛད། ཅེས་རྗེ་གུང་ཐང་པ་གསུང་། གསུམ་པ་ (ཡོན་ཆབ་འབུལ་བའི་སྲོལ་དར་ཚུལ) ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་དུས། ཇོ་བོ་ཆེན་པོས། བོད་ཀྱི་ཆུ་འདི་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས་བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་པར་འདུག་ཅེས་གསུངས་པ་ལ་བརྟེན་ནས་བོད་དུ་ཡོན་ཆབ་འབུལ་བའི་སྲོལ་དར་བར་བཤད། སྤྱིར་བཏང་མཆོད་ཏིང་མང་པོ་སྟར་བསྒྲིགས་ནས་ཆུའི་མཆོད་པ་འབུལ་བའི་སྲོལ་འདི་སྔོན་རྒྱ་གར་དུ་ཐེག་པ་ཆེན་པོའི་བསྟན་པ་དར་བའི་སྐབས་དར་བ་ཡིན་མོད། ཕྱིས་སུ་ཉམས་སོ། །བྷར་མའི་གཙུག་ལག་ཁང་རྣམས་སུ་ཡང་རང་རེ་བོད་ཀྱི་ཡུལ་ལྟར་ཉིན་ལྟར་ཏིང་བརྒྱ་ཕྲག་ཁ་ཤས་ནང་དུ་ཡོན་ཆབ་འབུལ་བའི་སྲོལ་ཡོད་པར་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་གྱི་ཐང་མ་ལས་བཤད་དེ། བྷར་མའི་གཙུག་ལག་ཁང་རྣམས་སུ་ཉིན་རེ་བཞིན་ཏིང་བརྒྱ་ཕྲག་རེ་གཉིས་ཀྱི་ནང་དུ་ཆུའི་མཆོད་པ་བོད་བཞིན་དུ་འབུལ་བའི་སྲོལ་མཆིས། འདི་སིདྒ་ལ་སོགས་ཉེ་བའི་ཡུལ་གང་ན་ཡང་མེད་པས་སྔོན་ཐེག་ཆེན་པའི་དུས་སུ་དར་བ་ཞིག་ཡིན་ཟེར། རང་རེ་རྣམས་ཀྱིས་ཡོན་ཆབ་ཀྱི་སྲོལ་ཇོ་བོ་བྱོན་ནས་བོད་ཀྱི་ཆུ་གཟིགས་ཏེ་གསར་དུ་མཛད་པ་འདྲ་བ་ཞིག་བཤད་མོད། དོན་ལ་རྒྱ་གར་ལ་སྔ་མོ་ནས་དར་བར་མངོན། ཞེས་དགེ་འདུན་ཆོས་འཕེལ་གསུང་ངོ་། །བཞི་པ་ (ཡོན་ཆབ་འབུལ་ཚུལ) ནི། ཡོན་ཆབ་འབུལ་བའི་ཚེ་ཐོག་མར་གནས་ཁང་བྱི་དོར་བྱ་བ་སོགས་སྤྱི་འགྲེ་ལྟར་སྔོན་དུ་བཏང་། དེ་ནས་ལག་པ་ལེགས་པར་བཀྲུས་ལ་གཙང་སྦྲ་དང་ལྡན་པའི་སྒོ་ནས་ཏིང་རྣམས་ལེགས་པར་ཕྱིས། ཏིང་ཆེ་ཆུང་ལ་གཞིགས་ཏེ་བར་ཐག་ཀྱང་ཆེ་ཆུང་འཚམ་པ་ཞིག་བཞག ཏིང་ཆུང་ཆུང་ཡིན་ན་ནས་འབྲུ་ཞིག་འཕྲད་སྟབས་སུ་བཞག་པའི་བར་ཐག་འཇོག བར་ཐག་རིང་ན་བླ་མ་དང་འབྲལ་བ་དང༌། ཅིག་གིས་ཅིག་ལ་ཐུག་ན་དབང་པོ་རྟུལ་བ་དང༌། སྒྲ་འབྱིན་ན་སྨྱོ་བ་སོགས་འབྱུང་བར་ཡང་བཤད། དེ་ཡང་སྣོད་སྟོང་པ་བསྒྲིགས་ན་རྟེན་འབྲེལ་འཕྱུག་པས་ཏིང་རྣམས་བརྩེགས་པའི་སྟེང་མར་ཆུ་ཅུང་ཟད་བླུགས། ཆུ་དེ་འོག་མ་འོག་མར་བགོ་བཞིན་དུ་སྟོང་པ་མིན་པར་རིམ་བཞིན་མཆོད་ཁྲིའི་སྟེང་འགྲེམས། དེ་ནས་འབུལ་བའི་ཚེ་ལག་པ་ཡ་གཅིག་གིས་འབུལ་བར་བྱེད་པ་སོགས་མ་གུས་པ་མི་བྱ་བར་རྒྱལ་པོ་ཆེན་པོ་ཞིག་ལ་གསོལ་ཇ་ཞུ་བ་ལྟར་བྱེད་དགོས། དེ་ཡང་ནས་འདྲ་མ་ཞེས་ནས་འབྲུའི་དབྱིབས་ལྟར་ཐོག་མཐའ་གཉིས་ཕྲ་ཞིང་དཀྱིལ་སྦོམ་པ་བྱས་ནས་འབུལ། ཕྱིར་བོ་ཞིང་ལུད་ན་ཚུལ་ཁྲིམས་འཆལ་ཞིང༌། མ་ཁེངས་ན་ལོངས་སྤྱོད་དབུལ་བ། ཡ་ཡོར་སོང་ན་ལམ་ལོག་པར་གོལ་བ་སོགས་ཀྱི་ཉེས་པ་འབྱུང་བར་བཤད། རྩྭ་ཀུ་ཤ་ལྟ་བུའི་རྩེར་ཡོན་ཆབ་ཀྱི་ཆུ་ལས་ཆུའི་གཟེགས་མ་བླངས་ཤིང་། ངག་ནས་ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་པ་དང་མཉམ་དུ། ཡོན་ཆབ་ལ་སིལ་གཏོར་བྱས་ཏེ་བྱིན་གྱིས་བརླབ་དགོས། ལྔ་པ་ (ཡོན་ཆབ་བྱིན་གྱིས་རློབ་ཚུལ) རྡོ་རྗེ་གསུམ་སྟེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་མཚོན་པའི་ༀ་ཨཱ་ཧཱུྂ་གསུམ་གྱི་ཡིག་འབྲུའི་ཚོགས་དཔག་ཏུ་མེད་པ་གནམ་མཁའ་ལས་ཁ་བ་འབབ་པ་ལྟར་བབས་ཏེ་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་ཡོན་ཆབ་སོགས་ཡིད་དུ་འོང་བའི་མཆོད་པའི་དངོས་པོ་ནམ་མཁའི་མཐའ་ཀླས་པ་དེ་དག་ལ་སིམས་ཏེ་བྱིན་གྱིས་བརླབས་པར་མོས། དེ་ཡང་ཧཱུྂ་ཡིག་ཐུགས་རྡོ་རྗེའི་ས་བོན་ཡིན་པས་ཁ་དོག་དང་དྲི་དང་ནུས་པ་སོགས་ཀྱི་སྐྱོན་ཐམས་ཅད་སྦྱངས་པར་བསམ། ཨཱ་ཡིག་གསུང་རྡོ་རྗེའི་ས་བོན་ཡིན་པས་ཐ་མལ་གྱི་ཆུ་དེ་ཉིད་བདུད་རྩིར་བསྒྱུར་བར་བསམ། ༀ་ཡིག་སྐུ་རྡོ་རྗེའི་ས་བོན་ཡིན་པས་ཡེ་ཤེས་ཀྱི་བདུད་རྩི་དེ་ཉིད་མང་པོར་སྦར་ཞིང་སྤེལ་བའི་མོས་པ་བྱའོ། །དེ་ནས་ༀ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏྱེ་ས་མྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོདྷི་མཎྜོ་པ་སཾ་ཀྲ་མཎ་བཛྲེ། སརྦ་ཀརྨྨ་ཨ་ཝ་ར་ཎཱ་བི་ཤོ་དྷ་ན་བཛྲེ་སྭཱཧཱ། ཞེས་དེ་བཞིན་གཤེགས་པ་རྡོ་རྗེ་རབ་འཇོམས་ཀྱི་གཟུངས་སམ་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་བཞིན་པར་ཕུལ་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་མཆོད་པའི་སྤྲིན་གྱི་ཕུང་པོ་ནམ་མཁའ་གང་བ་འབྱུང་བར་གསུངས་པས་ཤིན་ཏུ་ཕན་ཡོན་ཆེའོ། །དྲུག་པ་ (མཆོད་ཏིང་གི་རྒྱུའི་ཁྱད་པར) མཆོད་ཏིང་ལ་རྫ་ཁོག་སོགས་རུང་ངམ་ཞེ་ན། བྱ་བྲལ་བ་ལྟ་བུའི་དབུལ་ཕོངས་ལ་ནི་རུང་ངོ་། །དབུལ་པོ་བྱ་བྲལ་བ་ལྟ་བུ་སྦྱོར་བ་མེད་ན་རང་གི་ཕོར་པ་ཡང་རུང་བར་གསུངས་ཏེ། རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ་དེ་ཉིད་ཐོག་མར་སེ་ར་རྩེར་རྗེའི་སྒྲུབ་ཁང་དུ་ཕེབས་འཕྲལ་སྐབས་སྐུ་ཆས་དང་ཡོ་བྱད་བཀྲེན་པས། ཡོན་ཆབ་འབུལ་བའི་ཏིང་ཙམ་ཡང་མེད་པར། ཡོན་ཆབ་འབུལ་སྐབས་ཁོང་རང་གི་བཞེས་སྤྱད་ཆུས་ཡག་པོ་བཀྲུས་ནས་དེ་ལ་ཡོན་ཆབ་འབུལ་བར་གསུངས་པའི་ལོ་རྒྱུས་ཡོད་དོ། །འོ་ན་གསེར་དངུལ་ཟངས་སོགས་བྱེད་པ་རྒྱུ་མཚན་ཅི་ཡིན་ཞེ་ན། རང་གི་སྦྱོར་བས་ལྕོགས་ན་སྣོད་ཇི་ཙམ་རིན་ཆེ་བ་དེ་ཙམ་གྱིས་ཕན་ཡོན་ཡང་ཆེ་བ་ཡིན་ནོ། །བདུན་པ་ (ཡོན་ཆབ་ཕུལ་བའི་ཕན་ཡོན) ཕན་ཡོན་བཤད་པ་བཤད་པ་ལ། ཐོག་མར་ཡན་ལག་བརྒྱད་ལྡན་གྱི་ཆུ་ངོས་གཟུང་བ་ནི། མཆིམས་མཛོད་ལས། བསིལ་དང་ཞིམ་དང་ཡང་བ་དང༌། །འཇམ་དང་དྭངས་དང་དྲི་ང་མེད། །འཐུངས་ན་མགྲིན་དང་ལྟོ་བ་ལ། མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་གསུངས་པ་ལྟར་རོ། །ཡན་ལག་བརྒྱད་ལྡན་གྱི་ཆུ་འབུལ་བའི་ཕན་ཡོན་ནི། དྭངས་ཤིང་བསིལ་བའི་ཡོན་ཆབ་གཙང་མ་ཕུལ་ན་ཤེས་རྒྱུད་ཀྱི་སྡིག་ལྟུང་སྦྱངས་ཏེ་ས་ལམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཡོད་པར་གསུངས་ཤིང་། ཁྱད་པར་དུ་ཡན་ལག་བརྒྱད་ལྡན་གྱི་ཆབ་ཕུལ་བས་ནི། ཆུ་བསིལ་བ་ཕུལ་བས་ཚུལ་ཁྲིམས་དག་པ་དང༌། ཆུ་ཞིམ་པ་ཕུལ་བས་ཟས་ཀྱི་རོ་མཆོག་རྙེད་པ་དང༌། ཆུ་ཡང་བ་ཕུལ་བས་ལུས་སེམས་ལས་སུ་རུང་བ་དང༌། ཆུ་འཇམ་པ་ཕུལ་བས་ཤེས་རྒྱུད་འཇམ་པ་དང༌། ཆུ་དྭངས་བ་ཕུལ་བས་རིག་པ་དྭང་བར་འགྱུར་བ་དང༌། ཆུ་དྲི་མི་ང་བ་ཕུལ་བས་སྒྲིབ་པ་སྦྱོང་བ་དང༌། ཆུ་ལྟོ་ལ་མི་གནོད་པ་ཕུལ་བས་ལུས་ལ་ནད་མི་འབྱུང་བ་དང༌། ཆུ་མགྲིན་པ་ལ་མི་གནོད་པ་ཕུལ་བས་ངག་སྙན་པ་བཅས་ཀྱི་ཕན་ཡོན་བརྒྱད་འབྱུང་བར་གསུངས་སོ། །གཞན་ཡང་ཆུ་ཕུལ་བས་ཕན་ཡོན་ཅི་ཐོབ་སྙམ་པ་སྲིད་ཀྱང་། དེ་ནི་དེ་ལྟར་མ་ཡིན་ཏེ། དབུལ་ཞིང་ཕོངས་པའི་བྲན་མོ་རྒན་མོ་ཞིག་གིས་འཕགས་པ་ཀཱ་ཏྱཱ་ཡ་ན་ལ་ཆུ་གཙང་མ་ལྷུང་བཟེད་གང་ཕུལ་བའི་དགེ་བའི་རྩ་བས་སུམ་ཅུ་རྩ་གསུམ་དུ་སྐྱེས་པའི་ལོ་རྒྱུས་ཡོད་དེ། མདོ་མཛངས་བླུན་༼མདོ་སྡེ་ཨ་པ༽༡༩༢བ༥ལས། བཙུན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡུལ་ཨ་པ་དེ་ན་འདུག་པ་ལས། ཡུལ་དེ་ན་ཁྱིམ་བདག་ལོངས་སྤྱོད་དང་ལྡན་པ་སེར་སྣ་ཅན་སྙིང་རྗེ་མེད་པ་ཞིག་ལ་བྲན་མོ་རྒན་མོ་ཞིག་ཡོད་དེ། བྲན་མོ་དེ་ངན་ལས་ཐམས་ཅད་བྱེད་ཀྱང་གོས་ནི་ལུས་ལ་མི་གཡོགས། ཟས་ནི་ཁར་མི་མྱོང་སྟེ། རྟག་ཏུ་བརྡུང་བཙོགས་པས་རྒན་མོས་མ་བཟོད་ནས། སྲོག་འདོར་དུ་འགྲོའོ་སྙམ་ནས་བུམ་པ་ཐོགས་ཏེ་ཆུ་འཆུར་སོང་བ་དང་། ཆུ་འགྲམ་དུ་སྐད་ཆེན་པོ་ཕྱུང་སྟེ་ངུས་སོ། །ཀཱ་ཏྱཱ་ཡ་ན་དེར་འོངས་ཏེ། རྒན་མོ་ཅིའི་ཕྱིར་འདི་ལྟར་མི་དགའ་ཞེས་དྲིས་པ་དང་། འཕགས་པ་བདག་རྒས་པའི་སྟེང་དུ་ལས་ནི་ཆེ། བགོ་བ་དང་བཟའ་བ་ནི་མེད། དབུལ་ཕོངས་པས་ཅིའི་ཕྱིར་མི་འགུམ་སྙམ་བསམས་མི་དགའ་སྟེ་ངུའོ། །ཀཱ་ཏྱཱ་ཡ་ནས་སྨྲས་པ། རྒན་མོ་ཁྱོད་དབུལ་པོ་བཙོང་ན་ཅི་ཉེས། རྒན་མོས་སྨྲས་པ། དབུལ་ཇི་ལྟར་བཙོང་སུ་ཞིག་དབུལ་ཉོ་ཞེས་སྨྲས་པ་དང་། ཀཱ་ཏྱཱ་ཡ་ནས་དབུལ་བཙོང་དུ་རུང་ངོ་། །ཞེས་ལན་གསུམ་གྱི་བར་དུ་བསྒོ་བ་དང་། དབུལ་འདི་ཇི་ལྟར་བཙོང་དྲིའོ་སྙམ་ནས། དབུལ་ཇི་ལྟར་བཙོང་དུ་རུང་ཞེས་དྲིས་པ་དང་། ཀཱ་ཏྱཱ་ཡ་ནས་སྨྲས་པ། ཇི་སྟེ་དབུལ་བཙོང་བར་འདོད་ན་ངས་བསྟན་པ་བཞིན་དུ་གྱིས་ཤིག ཅེས་བསྒོ་བ་དང་། འཕགས་པ་དེ་བཞིན་དུ་བགྱིའོ་ཞེས་གསོལ་ཏོ། །ཀཱ་ཏྱཱ་ཡ་ནས་སྨྲས་པ། ཁྱོད་སྔར་ཁྲུས་གྱིས་ཤིག་བཀྲུས་པའི་འོག་ཏུ་སྦྱིན་པ་གྱིས་ཤིག རྒན་མོས་སྨྲས་པ། བདག་ལ་ལྷན་པ་ཙམ་གྱི་རྒྱུ་ཡང་མེད་ན་ཅི་ཞིག་སྦྱིན་པར་བྱ་བུམ་པ་འདི་ནི་ཇོ་མོའི་ཡིན་ཏེ། དབང་མ་མཆིས་སོ། །ཀཱ་ཏྱཱ་ཡ་ནས་སྨྲས་པ། ཁྱོད་ལྷུང་བཟེད་ཀྱི་ནང་ན་ཆུ་གཙང་མ་ཁོང་ལ་ང་ལ་ཕུལ་ཅིག ངས་སྦྱིན་པའི་ཚིགས་སུ་བཅད་པར་བྱའོ། །ཀཱ་ཏྱཱ་ཡ་ནས་ཆུ་བླངས་ཏེ་སྦྱིན་པའི་ཚིགས་བཅད་ཀྱང་བྱས་བསླབ་ཚིག་ཀྱང་བྱིན། སངས་རྒྱས་ཀྱི་མཚན་བརྗོད་དུ་བཅུག་སྟེ། ཡོན་ཏན་རྣམ་པ་སྣ་ཚོགས་བསྔགས་ནས་རྒན་མོ་ཁྱོད་ལ་འདུག་པའི་གནས་ཡོད་དམ། རྒན་མོས་སྨྲས་པ། བདག་ལ་འདུག་པའི་གནས་མ་མཆིས་ཏེ། འཐག་པ་དང་གཏུན་བརྡུངས་པ་དང་། ལས་བྱེད་པའི་གནས་ཉིད་ལ་ཉལ་ལོ། །བར་འགའ་ནི་ལུད་ཕུང་གི་སྟེང་དུ་ཡང་ཉལ་ལོ། །ཀཱ་ཏྱཱ་ཡ་ནས་སྨྲས་པ། ཁྱོད་ངན་ལས་བྱེད་པ་ལ་འགྱོད་པ་དང་། མི་དགའ་བར་མ་བྱེད་པར་བརྩོན་འགྲུས་སུ་ལས་བྱོས་ལ། ཇོ་མོ་བསྙལ་བའི་འོག་ཏུ་དལ་གྱིས་ཇོ་མོའི་སྒོ་ཕྱེ་སྟེ། སྒོ་ཕག་གམ་གྲབ་གཙང་ཞིག་ཏུ་རྩྭ་གཙང་མ་བཏིང་བ་ལ་འདུག་ནས་གཞན་མ་སེམས་པར་སངས་རྒྱས་ཡིད་ལ་བྱོས་ལ་དྲན་པར་གྱིས་ཤིག དེ་ནས་རྒན་མོས་ཀྱང་བསྟན་པ་བཞིན་དུ་བྱས་ནས་རིང་པོ་མ་ལོན་པར་མཚན་མོ་འདུག་བཞིན་དུ། ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས། དེའི་ཇོ་མོ་ནང་པར་སྔར་ལངས་ནས། ཁྱིམ་གྱི་ནང་ན་བྲན་མོ་ཚེ་འཕོས་པ་མཐོང་ནས། ཁྲོས་ཏེ་རྒན་མོ་འདི་ཁྱིམ་གྱི་ནང་དུ་མ་བཏང་ན་ཅིའི་ཕྱིར་འདིར་ཚེ་འཕོས། ཞེས་གཤེ་ནས་རྐང་པ་ལ་རྩྭ་ཐག་གིས་བཏགས་ཏེ་བཤལ་ནས་དུར་ཁྲོད་དུ་བསྐྱལ་ལོ། །དེའི་ཚེ་ལྷའི་སྲས་པོ་ཞིག་ལ་ལྷའི་བུ་མོ་ལྔ་བརྒྱས་བསྐོར་ཏེ་རྩེ་བར་དགའ་བ་ལས་ཚེ་འདས་ནས་རྒན་མོ་དེ་ལྷའི་སྲས་མོ་དེའི་གནས་སུ་སྐྱེས་སོ། །ལྷར་སྐྱེས་པ་དག་དབང་པོ་རྣོན་པོས་ནི་བདག་ཅིའི་རྐྱེན་གྱིས་ལྷར་སྐྱེས་པ་ཤེས་སོ། །དབང་པོ་རྟུལ་པོ་དེ་དག་གིས་མི་ཤེས་ཏེ། རྒན་མོ་དེས་ཅིའི་ཕྱིར་ལྷར་སྐྱེས་པ་མི་ཤེས་ཀྱི་བདེ་བ་འབའ་ཞིག་ལ་ཆགས་སོ། །དེའི་ཚེ་ཤཱ་རིའི་བུ་སུམ་ཅུ་རྩ་གསུམ་ན་འདུག་པ་དེས་ཁྱོད་ཅིའི་རྐྱེན་གྱིས་ལྷར་སྐྱེས་པ་ཤེས་སམ་ཞེས་དྲིས་པ་དང་། བདག་གིས་མི་ཤེས་སོ་ཞེས་སྨྲས་ནས། ཤཱ་རིའི་བུས་ལྷའི་མིག་གིས་བལྟས་ཏེ། ཇི་ལྟར་ལྷར་གྱུར་པ་མཐོང་བར་བྱས་སོ། །དེ་ནས་ལྷའི་སྲས་མོ་ལྔ་བརྒྱ་ཙམ་དང་། དུར་ཁྲོད་དུ་ལྷགས་ཏེ། རུས་བུ་ལ་ལྷའི་མེ་ཏོག་གིས་གཏོར། སྤོས་ཀྱི་མཆོད་པ་བྱས་སོ། །ལྷའི་འོད་ཀྱིས་གྲོང་ཁྱེར་དེ་དག་སྣང་བ་ཆེན་པོས་སྣང་བར་གྱུར་ནས། དེའི་ཇོ་མོ་ལ་སོགས་པ་ཡ་མཚན་དུ་གྱུར་ཏེ། མི་མང་པོ་ཡང་བལྟར་དོང་བ་ལས། ལྷ་མང་པོ་རྒན་མོའི་རུས་བུ་ལ་མཆོད་པ་བྱེད་པར་མཐོང་ནས་ལྷ་རྣམས་ལ་ཁྱོད་ཅིའི་ཕྱིར་རུས་བུ་འདི་ལ་མཆོད་པ་བྱེད། འདི་ནི་གསོན་པོའི་ཚེ་ན་ཡང་བཙོག་པས་ཀུན་གྱིས་མི་འདོད་ན། ད་ཚེ་འཕོས་པའི་རུས་བུ་ལྟ་ཅི་སྨྲོས་ཞེས་སྨྲས་སོ། །དེའི་ཚེ་ན་ལྷའི་སྲས་མོ་རྣམས་ཀྱིས་ཇི་ལྟར་ལྷར་སྐྱེས་པའི་གཏམ་རྒྱས་པར་བྱས་ནས། ཀཱ་ཏྱཱ་ཡ་ན་གང་ན་བ་དེར་སོང་ངོ་། །ཀཱ་ཏྱཱ་ཡ་ནས་ལྷའི་སྲས་མོ་དེ་དག་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། མཐོ་རིས་སུ་སྐྱེས་པ་ལ་སོགས་ཏེ། དམ་པའི་ཆོས་ཀྱི་གཏམ་རྒྱས་པར་བྱས་ནས། མི་གཙང་བའི་ཆོས་དང་འབྱུང་བའི་ཆོས་བསྟན་པས། ལྷའི་སྲས་མོ་དེ་དག་རྡུལ་དང་བྲལ། དྲི་མ་དང་བྲལ་ཏེ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ནས་ཕྱིར་ལྷའི་གནས་སུ་དོང་ངོ་། །འཁོར་མང་པོ་རྣམས་ཀྱང་ཆོས་བསྟན་པ་ཐོས་ནས་སོ་སོ་ནས་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབར་གྱུར་ནས། རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །བྲན་མོ་དབུལ་མོས་ཀཱ་ཏྱཱ་ཡ་ན་ལ་དབུལ་བཙོངས་པའི་ལེའུ་སྟེ་བཅུ་དགུ་པའོ། །ཞེས་གསུངས་སོ། །བརྒྱད་པ་ (ཡོན་ཆབ་ལ་བདུན་ཚར་རམ་བདུན་ཚར་རམ་བདུན་ཚན་དུ་བྱེད་པའི་རྒྱུ་མཚན) ནི། ཆུ་གཉིས་དང༌། ཉེར་སྤྱོད་ལྔ་སྟེ་བདུན་མཚོན་བྱེད་ཡིན། ཆུ་གཉིས་ནི། མཆོད་ཡོན་དང་ཞབས་བསིལ་ལོ། །ཉེར་སྤྱོད་ལྔ་ནི། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་དང་ལྔའོ། །དེ་ལྟ་བུའི་མཆོད་པ་བདུན་པོ་དེ་འབུལ་བའི་དོད་དུ་ཡོན་ཆབ་ལ་བདུན་ཚར་བྱེད་པ་རེད། དེ་ཡང་། ༡ (མཆོད་ཡོན) ནི། ཞལ་ལ་འཐུང་རྒྱུའི་ཆུ། ༢ (ཞབས་བསིལ) ཞབས་འཁྲུད་བྱེད་ཀྱི་ཆུ། ༣ དབུ་ལ་འབུལ་རྒྱུའི་ (མེ་ཏོག) ༤ ཤངས་ལ་འབུལ་རྒྱུའི་ (བདུག་སྤོས) ༥ སྤྱན་ལ་འབུལ་རྒྱུའི་ (མར་མེ) ༦ ཐུགས་སམ་སྙིང་ཁར་འབུལ་རྒྱུའི་ (དྲི་ཆབ) ཞལ་ལ་འབུལ་རྒྱུའི་ (ཞལ་ཟས) སོ། །འདི་ནི་སྔར་རྒྱ་གར་འཕགས་པའི་ཡུལ་དུ་དར་བའི་གོམས་སྲོལ་ཞིག་སྟེ། ཚ་བ་ཆེ་བས་ཐོག་མར་འགྲོན་པོར་སྐོམ་པ་བསལ་བའི་ཕྱིར་ཆབ་འབུལ་བ་དང་། དེ་ནས་ (སྔོན་རྒྱ་གར་བ་མང་ཆེ་བ་ཞབས་རྗེན་མར་ཕེབས་པས) ཞབས་དཀྲུ་བ། དེ་ནས་མེ་ཏོག་འབུལ་བ། དེ་ནས་བདུག་སྤོས་ཀྱིས་བདུག་པ། མར་མེ་འབུལ་བ། (རྒྱ་གར་བ་རྣམས་སྡེར་མའི་མཆོད་རྫས་དང་མར་མེ་འགྲོན་པོ་སོགས་ཀྱི་མདུན་དུ་སྐོར་ཙམ་བྱེད་པ་དེའི་དོད་ལྟ་བུ་ཡིན་ནམ་སྙམ) དེ་ནས་ལུས་པོའི་ནང་ནས་ཚ་དྲོད་ཆེ་ཤོས་སྙིང་ཁའི་ཐད་ཡིན་པས། དེ་ལ་ཙནྡ་གྱི་ལྡེ་གུ་བསིལ་བ་སྟེར་བའི་བྱུག་པའི་རིགས་སྙིང་ཁར་བྱུག་པ། དེ་ནས་ཞལ་ཟས་སམ་གསོལ་སྟོན་འབུལ་བ་ཡིན་ནོ། །མདོར་ན་ཆུ་གཉིས་ཉེར་སྤྱོད་ཀྱི་རིམ་པ་འདི་ཡང་རྒྱ་གར་བའི་ཡུལ་སྲོལ་དང་མཐུན་པར་བྱས་སོ། །ཇོ་བོ་ཆེན་པོ་སྐུ་ན་ཤིན་ཏུ་མཐོ་བའི་སྐབས་ཀྱང་སྒྱིད་པ་འདར་ཕྲི་ལི་ལི་ཡོན་ཆབ་འབུལ་བར་མཛད་པས། གཞན་གྱིས་ཇོ་བོ་འོ་བརྒྱལ་བར་འདུག་པས་བདག་ཅག་གིས་འབུལ་ཞེས་ཞུས་པ་ན། ཇོ་བོ་ཆེན་པོས། འོ་ན་ངས་ཟས་ཟ་བའི་ཚེ་ནའང་ཇོ་བོ་འོ་བརྒྱལ་བར་འདུག་ཅེས་ངོས་ཀྱི་ཟས་སྐལ་ཁྱོད་ཚོས་ཟའམ་ཞེས་གསུངས་པའི་ལོ་རྒྱུས་ཡོད་པས་འུ་ཅག་སོ་སོའི་སྐྱེ་བོ་ཐ་མལ་པ་དག་གིས་ཅིས་ཀྱང་འབད་པར་རིགས་སོ། །དགུ་པ་ (ཡོན་ཆབ་འབུལ་བའི་རྒྱུ་མཚན) ཇ་དང་འོ་མ་སོགས་མི་འབུལ་བར་ཆུ་འབུལ་བའི་རྒྱུ་མཚན་གང་ཡིན་ནམ་སྙམ་ན། དེ་ལ་རྒྱུ་མཚན་མང་དུ་ཡོད་ཀྱང་གཙོ་བོ་ནི། ཆུ་ནི་རིན་སྤྲད་ནས་ཉོ་སྒྲུབ་བྱེད་མི་དགོས་པས་དབུལ་ཕྱུག་ཀུན་གྱིས་བསྒྲུབ་ནུས་ཤིང་། ཆུ་འབུལ་བའི་ཚེ་སེར་སྣ་དང་ང་རྒྱལ་སོགས་ཀྱི་སྐྱོན་གྱིས་གོས་པའི་ཉེས་པ་མི་འབྱུང་བས། ཀུན་སློང་གི་ཆ་ནས་མཆོད་པ་རྣམ་པར་དག་པ་ཞིག་ཏུ་འགྱུར་བས། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཡོན་ཆབ་བམ་ཆུའི་མཆོད་པ་འབུལ་བ་ཡིན་ནོ། །བཅུ་པ་ (ཏིང་གི་སྒྲ་བཤད) སྒྲ་ཡི་ཁྱད་པར་གྱི་སྒོ་ནས་བཏགས་པར་སེམས་ཏེ། ལི་ཏིང་ལྟ་བུར་དབྱུག་གུས་བསྣུན་པའམ་ཕུ་བརྒྱབ་ན་ཏིང་ཞེས་པའི་སྒྲ་འབྱུང་བས་དེའི་ཆ་ནས་བཏགས་པར་སེམས་སོ། །