9439

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྐྱེན་གསུམ
Tibetan Definition (རྣམ་འགྲེལ) བདག་རྐྱེན། (བདག་རྐྱེན་ཞེས་པ་དབང་པོའམ་དབང་པོ་གཟུགས་ཅན་པ་ལ་གོ་དགོས) དམིགས་རྐྱེན། དེ་མ་ཐག་རྐྱེན་དང་གསུམ་མོ། །རང་ཉིད་ཡུལ་གཅིག་ཁོ་ན་འཛིན་པར་ངེས་ཀྱི་གཞན་གཏན་ནས་མི་འཛིན་པར་བྱེད་པའི་རྐྱེན་ལ། བདག་རྐྱེན་ཟེར། (རང་འབྲས་དབང་ཤེས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་ལ་ལྷག་པར་དབང་བྱེད་པའི་དབང་པོ་དེ། དབང་ཤེས་ཀྱི་བདག་རྐྱེན་གྱི་མཚན་ཉིད་དུ། སྡེ་བདུན་ཡིད་ཀྱི་མུན་སེལ་དུ་གསུངས) རང་ཉིད་ཡུལ་དེ་དང་དེའི་རྣམ་ལྡན་དུ་སྐྱེད་བྱེད་ལ། དམིགས་རྐྱེན་ཟེར། རང་གི་ངོ་བོ་མྱོང་བ་གསལ་རིག་ཆར་སྐྱེད་བྱེད་ལ། དེ་མ་ཐག་རྐྱེན་ཟེར། དཔེར་ན་སྔོན་འཛིན་མིག་ཤེས་སྐྱེ་བ་ལ་རྐྱེན་གསུམ་ག་ཚང་དགོས་ཏེ། སྔོན་འཛིན་མིག་ཤེས་ཀྱིས་སྔོན་པོ་འཛིན་གྱི་སྒྲ་དང་དྲི་དང་རོ་སོགས་ལ་མི་འཇུག་པ་ནི། བདག་རྐྱེན་དབང་པོའི་བྱེད་ལས་ཡིན། སྔོན་འཛིན་མིག་ཤེས་མྱོང་བ་གསལ་རིག་གི་ངོ་བོར་སྐྱེས་པ་དེ། དེ་མ་ཐག་རྐྱེན་གྱི་བྱེད་ལས་ཡིན། སྔོན་འཛིན་མིག་ཤེས་སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་དེ། དམིགས་རྐྱེན་གྱི་བྱེད་ལས་ཡིན་ནོ། །རྗེའི་སྔགས་རིམ་ཆེན་མོ་ལས། སྔོན་པོ་འཛིན་པའི་མིག་གི་ཤེས་པ་སྐྱེ་བ་ལ་རྐྱེན་གསུམ་ཚང་དགོས་པས། གསུམ་གའི་འབྲས་བུ་ཡིན་མོད་ཀྱང་གཟུགས་ལ་འཛིན་གྱི་སྒྲ་ལ་སོགས་པ་ཡུལ་གཞན་ལ་མི་འཇུག་པ་ནི་དབང་པོའི་ལག་རྗེས་དང༌། མྱོང་བའི་ངོ་བོར་སྐྱེས་པ་དེ་མ་ཐག་རྐྱེན་དང༌། སྔོན་པོའི་རྣམ་པ་ཅན་དུ་སྐྱེས་པ་དམིགས་རྐྱེན་གྱི་ལག་རྗེས་ཡིན་པ་དང་འདྲའོ། །ཞེས་གསུངས་སོ། །མཁས་གྲུབ་ཆོས་རྗེའི་སྡེ་བདུན་ཡིད་ཀྱི་མུན་སེལ་ལས། དེ་ཡང་མིག་ཤེས་ལྟ་བུ་ལ་ཡང། རང་གི་ངོ་བོ་མྱོང་བ་གསལ་རིག་གི་ཆ་དང། གཟུགས་ཀྱི་རྣམ་ལྡན་དུ་སྐྱེས་པའི་ཆ་དང། གཟུགས་ཁོ་ན་འཛིན་པར་ངེས་ཀྱི་སྒྲ་སོགས་གཏན་འཛིན་མི་སྲིད་པའི་ཁྱད་པར་གསུམ་ཡོད་ལ། དང་པོ་ནི། རང་གི་དེ་མ་ཐག་རྐྱེན་གྱིས་གཙོ་བོར་བསྐྱེད་པ་ཡིན་མོད་ཀྱི། དེ་ཡང་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་པར་མ་ཡིན་ཏེ། ཤེས་པ་ཀུན་མྱོང་བ་གསལ་རིག་གི་ངོ་བོ་ཅན་དུ་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། རང་གི་དམིགས་རྐྱེན་གྱིས་གཙོ་བོར་བསྐྱེད་པ་ཡིན་ལ། དེ་ཡང་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་པར་མ་ཡིན་ཏེ། ཡིད་ཤེས་འགའ་ཞིག་ཀྱང་གཟུགས་ཀྱི་རྣམ་ལྡན་དུ་སྐྱེ་བའི་ཕྱིར་རོ། །གསུམ་པ་ནི། མིག་ཤེས་ཁོ་ནའི་ཐུན་མོང་མ་ཡིན་པའི་ཁྱད་པར་ཡིན་ལ། དེ་ཡང་བདག་རྐྱེན་ཀྱིས་གཙོ་བོར་བྱས་པ་ཡིན་པས། བདག་རྐྱེན་མིག་གི་དབང་པོ་ནི་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་གཙོ་བོར་སྐྱེད་བྱེད་ཡིན་པའི་ཕྱིར།་མིག་ཤེས་ལ་ལྷག་པར་དབང་བྱེད་པ་ཞེས་བྱ་ལ། དེས་མཚོན་ན་རྣ་བའི་དབང་པོ་སོགས་ལ་འང་ཤེས་པར་བྱའོ། །ཞེས་གསུངས་སོ། ། གཡོ་བ་མེད་པའི་རྐྱེན། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་དང་གསུམ་མོ། །རྐྱེན་གསུམ་ནི། རྣམ་པར་འབྱེད་པའི་མདོ་ལས། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་བའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། ཅེས་གསུངས་སོ། །འདུས་བྱས་རྟེན་འབྲེལ་གྱི་ཆོས་རྣམས་ཆོས་ཅན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་ཞེས་བྱ་སྟེ། དབང་ཕྱུག་སོགས་ཀྱི་བློའི་གཡོ་བ་སྔོན་དུ་བཏང་ནས་བྱུང་བ་མིན་པར་རང་གི་རྒྱུ་རྐྱེན་ཡོད་པ་ཙམ་གྱིས་འབྱུང་བའི་ཕྱིར། མི་རྟག་པའི་རྐྱེན་ལས་བྱུང་བ་ཡིན་ཏེ། སྐྱེས་པ་གང་ཞིག རྟག་པ་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་པའི་ཕྱིར། དེ་ཡང་རྐྱེན་ཡིན་ན་རང་ཉིད་ཀྱང་རྒྱུ་ལས་གློ་བུར་དུ་སྐྱེས་ཤིང་དུས་གཉིས་པར་འགག་ནས་འབྲས་བུ་འབྱིན་པ་དགོས་ཀྱི། རྟག་པ་ཡིན་ན་འབྲས་བུ་རྟག་ཏུ་སྐྱེད་པའམ་འབྲས་བུ་ལ་སྐབས་མི་འབྱེད་པའི་ཕྱིར་རོ། །ནུས་པའི་རྐྱེན་ལས་བྱུང་བ་ཡིན་ཏེ། སྐྱེས་པ་གང་ཞིག མི་མཐུན་པའི་རྒྱུ་ངེས་མེད་ལས་འབྱུང་བ་མི་འཐད་པའི་ཕྱིར་རོ། །