From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| རྒྱ་གར
|
| Tibetan Definition
|
འཕགས་ཡུལ། བྷ་ར་ཏ། ཧིནྡཱུ་སྠན། དབྱིན་ཌི་ཡ། སྒྲ་བཤད་ནི། ཡུལ་རྒྱ་ཆེ་ཞིང་གོས་དཀར་པོ་གྱོན་པས་རྒྱ་གར་ཞེས་བྱ། འོ་ན་འབྲི་བའི་ཚེ་རྒྱ་དཀར་ཞེས་མི་འབྲི་བར་རྒྱ་གར་ཞེས་འབྲི་བ་ཅི་ཡིན་ཞེ་ན། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ནི། འཕགས་ཡུལ་ལ་རྒྱ་གར་ཞེས་འབོད་པའང་ཡུལ་དབུས་ཀྱི་མི་རྣམས་རས་དཀར་པོ་གྱོན་པ་ཤས་ཆེ་བས་དེ་ལྟར་བཏགས་པའོ། །འོན་ཀྱང་འབྲི་བའི་ཚེ་རྒྱ་དཀར་ཞེས་མི་འབྲི་བར་རྒྱ་གར་ཞེས་འབྲི་བ་ནི། ཕལ་སྐད་ལ་དཀར་པོ་ལ་གར་པོ་ཞེས་ཀློག་པར་བྱེད་པའི་རྒྱུན་འབྱམས་པ་ཡིན་གྱི། འགའ་ཞིག་གིས་སྒྲ་བཤད་གཞན་བྱེད་པ་ནི་རྟོག་བཟོར་སྣང་ངོ་། །ཞེས་ཀྱང་གསུངས་སོ། །ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འདི་ཤིན་ཏུ་བདེན་པར་སྣང་སྟེ། ཨ་མདོའི་འབྲོག་ཁུལ་གྱི་སྐད་ལ་དཀར་པོ་ལ་གར་པོ་ཞེས་ཀློག་ཚུལ་ཡོད་པ་དང་། ཏྲེ་ཧོར་ཁམས་པའི་སྐད་ལའང་དཀར་མཛེས་ལ་གར་མཛེས་སམ་གྭ་མཛེས་ཞེས་པ་ལྟ་བུའི་བརྗོད་ཚུལ་ད་ལྟ་ཡང་ཡོད་པ་མངོན་སུམ་མཐོང་ཆོས་ལ་ཡོད་པ་འདིས་ཤེས་ནུས་སོ། །དེས་ན་ག་དང་གྭ་དང་གར་རྣམས་དཀར་པོའི་མིང་ཡིན་ཏེ། དཔེར་ན་གདོང་ལ་ཐིག་ལེ་དཀར་པོ་ཡོད་པའི་གཡག་ལ། གཡག་གྭ་པ་ཟེར་བ་དང་། མགོ་སྤུ་མེད་ལ་ཀླད་གྭ་ཟེར་བ་ལྟ་བུའོ། །ཡང་། སི་ཏུ་འགྲེལ་ཆེན་ལས། རྒྱ་ནག་གི་ཟླས་དྲངས་པའི་རྒྱ་དཀར་པོ་ཞེས་བོད་དུ་གྲགས་པ་ཟད་མོད། འོན་ཀྱང་མིང་མཐའ་འདྲེན་ཚུལ་གྱིས་སྔོན་འཇུག་མ་ནིང་ད་ཡིག་ཕྱིས། མིང་གཞི་རང་སྡེའི་མོ་ཡིག་ཏུ་བསྒྱུར་བས་རྒྱ་གར་ཞེས་གྲུབ་པར་འཁུམས་སོ། །ཞེས་གསུངས། (སི་ཏུའི་གསུང་འདི་ལ་དོགས་པ་འདི་ལྟར་ཡོད་དེ། མིང་མཐའ་འདྲེན་ཚུལ་གྱིས་སྔོན་འཇུག་ད་ཡིག་ཕྱིས་པ་ནི། རྗེས་འཇུག་གི་ཕོ་ “ག” ཡིག་གིས་ཕོ་དྲང་དགོས་པའི་ཕྱིར། དཀར་ཞེས་པའི་སྔོན་འཇུག་གི་ “ད” ནི་གསལ་བྱེད་ཀྱི་མོ་ཡིག་ཡིན་པས་ཕྱིས་པ་བདེན་མོད། འོན་ཀྱང་ “ཀ” རང་སྡེའི་མོ་ཡིག་ཏུ་བསྒྱུར་དགོས་དོན་ཅི་ཡང་མ་མཐོང་བ་མ་ཟད། དེ་ལྟར་བྱས་ན། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །ཞེས་པའི་རྟགས་མཚུངས་འདྲེན་ཚུལ་དང་ཡང་འགལ་བར་འགྱུར་རོ། །དེས་ན་རྒྱ་དཀར་ཞེས་པའི་ད་ཡིག་ཕྱིས་ནས་ “རྒྱ་ཀར” ཞེས་བཞག་ཀྱང་རུང་བའི་ཕྱིར་སྙམ་ཡང་ད་དུང་དཔྱད་དོ) ཡང་མཁས་པ་མང་པོས་འདི་འདོད་རྒྱལ་གྱི་བརྡ་ཡིན་པར་བཞེད་དེ། བུ་སྟོན་རིན་ཆེན་གྲུབ་ཀྱི་རྣམ་ངེས་འགྲེལ་པ་དང་། རྗེ་ཙོང་ཁ་པ་ཆེན་པོའི་ (སྔ་ཙོམ་གྲས) ལེགས་བཤད་གསེར་ཕྲེང་ལས། རྒྱ་གར་ཞེས་པ་འདུལ་བ་ཚིག་ལེ་ལས། མཉན་ཡོད་གནས་བཅས་ཙམ་པ་ཀ། །ཝཱ་རཱ་ཎ་སཱི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། །ཞེས་པ་ལྟར་གྲོང་ཁྱེར་ཆེན་པོ་དྲུག་གནས་པའི་ཕྱོགས་ལ་འདོད་རྒྱལ་དུ་བརྡ་བྱས་པ་སྟེ། ཞེས་གསུངས་ཤིང་། རིགས་པའི་དབང་ཕྱུག་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་དེ་དང་མཐུན་པར་གསུངས་ཀྱང་། རྒྱ་གར་ཞེས་པའི་མིང་འདི་རྗེས་གྲུབ་ཀྱི་མིང་ཡིན་གྱི་འདོད་རྒྱལ་མིན་ཏེ། གོང་དུ་བཀོད་པའི་རྒྱུ་མཚན་རྣམས་དང་། ཅི་སྟེ་རྒྱ་གར་འདོད་རྒྱལ་གྱི་མིང་ཡིན་ན་རྒྱ་ནག་ཅེས་པའང་འདོད་རྒྱལ་དུ་སྨྲ་དགོས་པར་འགྱུར་རོ། །ཞེས་ཁོ་བོ་སྨྲའོ། །
|