9607

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:50, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱལ་སྲིད་སྣ་བདུན
Tibetan Definition འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་རང་ཆས་སུ་འབྱུང་བའི་ཕུན་སུམ་ཚོགས་པའི་ཡོ་བྱད་མཆོག་གི་རིན་ཆེན་བདུན་ནམ་རིན་ཆེན་སྣ་བདུན་དུ་གྲགས་པ་ནི། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་དང་བདུན་ནོ། །ཡོངས་གྲགས་སུ་འདི་ལ་རྒྱལ་སྲིད་སྣ་བདུན་ཞེས་གྲགས་ཀྱང་། མདོ་སྡེ་དྲན་པ་ཉེར་གཞག་ལས་ནི་འདི་ལ། རིན་པོ་ཆེ་སྣ་བདུན་ཞེས་ཐ་སྙད་བྱེད་དོ། །༡ ༽ འཛམ་བུའི་ཆུ་བོའི་གསེར་ལས་ལེགས་བྱས་ཤིང་། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་པ། །ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུམ་ལམ་ཉི་མ་གཅིག་གིས་གཅོད། །དེའི་མཐུས་ནམ་མཁའི་ལམ་ལས་དཔུང་ཚོགས་བཞི། །གླིང་བཞི་ལྷ་གནས་དང་པོར་བགྲོད་བྱེད་པའི། །འཁོར་ལོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཐོབ་པར་ཤོག །༢ ༽རིན་ཆེན་བཻཌཱུརྱའི་ཟུར་བརྒྱད་ལས། །སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །མཚན་མོའང་ཉིན་མོ་བཞིན་དུ་སྣང་བྱེད་ཅིང་། །ཚ་བས་གདུངས་ཚེ་འོད་ཀྱིས་བསིལ་བ་སྟེར། །དེར་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམས་ཕལ་ཆེར་འབྱུང་འགྱུར་བའི། །ནོར་བུ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག །༣ ༽ཡིད་འོང་ལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་འབྱུང་། །གང་གིས་རེག་ལ་བདེ་བ་མཆོག་སྟེར་ཞིང་། །གླིང་དེར་བཀྲེས་སྐོམ་མྱ་ངན་སེལ་བར་བྱེད། །བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་པའི། །བཙུན་མོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །༤ ༽གཞན་ལ་མི་འཚེ་བྱ་བ་མ་ཡིན་སྤངས། །ཡང་དག་ཐ་སྙད་ལས་ལ་སྐྱོ་བ་མེད། །ས་ཡི་བདག་པོའི་ཡིད་ལ་བསམས་པ་རྣམས། །མ་སྨྲས་པར་ཡང་ཤེས་ནས་སྒྲུབ་པར་བྱེད། །དཔུང་རྣམས་འགྲོ་དང་གནས་དང་ལྡོག་པ་ཡི། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་པའི། །བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་བར་ཤོག །༥ ༽ཡན་ལག་བདུན་ལྡན་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་པོ་སྟོང་གི་སྟོབས་དང་ལྡན། །ཉི་མ་གཅིག་གིས་འཛམ་གླིང་ལན་གསུམ་འཁོར། །ཅང་ཤེས་སྐུད་པ་ཡིས་ཀྱང་དཀྲི་བར་ནུས། །གཞན་ལ་མི་གནོད་མི་འཁྲུག་དལ་གྱི་འགྲོ། ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །གླང་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་གི་བཞོན་པས་བགྲོད་པར་ཤོག །༦ ༽མེ་ཏོག་ཀུ་མུ་ད་བཞིན་རབ་ཏུ་དཀར། །ལྷ་ཡི་གཙུག་རྒྱན་ནོར་བུ་སོགས་ཀྱིས་བརྒྱན། །མདོག་དང་དབྱིབས་དང་བོངས་ཚོད་ཕུན་སུམ་ཚོགས། །བསྒོ་ན་ཉིན་གཅིག་འཛམ་གླིང་ལན་གསུམ་འཁོར། །ལུས་ལ་ནད་མེད་གཟི་བརྗིད་ཆེན་པོ་ཅན། །ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །རྟ་མཆོག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག །༧ ༽རྡོ་རྗེ་རིན་ཆེན་མཐོན་ཁ་མརྒད་དང་། །གསེར་དང་དངུལ་དང་སྤུག་ལ་སོགས་པ་ནི། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །ཁྱིམ་བདག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །གསུང་རབ་རིན་ཆེན་མཛོད་ཀུན་འཛིན་པར་ཤོག །ཅེས་སོ། །རིན་ཆེན་སྣ་བདུན་འབུལ་བའི་ཚིགས་བཅད་རྣམས་ནི། མདོ་དྲན་པ་ཉེར་གཞག་ལས་གསུངས་པའི་དོན་བསྡུས་པའོ། །ཞེས་རྗེ་ཙོང་ཁ་པ་ཆེན་པོའི་བདེ་མཆོག་གི་མཆོད་ཕྲེང་ལས་གསུངས་སོ། །༡ (འཁོར་ལོ་རིན་པོ་ཆེ) འཁོར་ལོ་རིན་པོ་ཆེ་ནི། གསེར་ལས་བྱས་ཤིང་དཔག་ཚད་ལྔ་བརྒྱ་པ་རྩིབས་སྟོང་དང་ལྡན་པ། ཉི་མ་གཅིག་ལའང་དཔག་ཚད་སྟོང་དུ་འགྲོ་ཞིང་། དེའི་མཐུས་སུམ་ཅུ་རྩ་གསུམ་མན་ཆད་དུ་གླང་ཆེན་སོགས་འཁོར་ཐམས་ཅད་ནམ་མཁར་འགྲོ་ནུས་པ་དང་། རྒྱལ་པོས་མི་ཐོས་པའང་ཐོས་པ། དོ་ཟླ་སུ་ཡང་མེད་པར་བྱེད་པ་ཞིག་ནམ་མཁའ་ལས་འབྱུང་བར་བཤད་དོ། །༢ (ནོར་བུ་རིན་པོ་ཆེ) ནོར་བུ་རིན་པོ་ཆེ་ནི། མི་ཆེན་པོའི་བརླ་ཤ་ཙམ་ཟུར་བརྒྱད་པ། མཚན་མོ་དཔག་ཚད་བརྒྱར་འོད་འབྱུང་ཞིང་། ཉི་མ་ཚ་བ་ན་བསིལ་བའི་ཆུ་ཡན་ལག་བརྒྱད་ལྡན་འབྱུང་བ་དང་། དཔག་ཚད་བརྒྱའི་ཁོར་ཡུག་ཏུ་ནད་མེད་པར་བྱེད་ཅིང་ཇི་ལྟར་འདོད་པའི་ལས་ཐམས་ཅད་གྲུབ་པར་བྱེད་པ་ཞིག་གོ། ༣ (བཙུན་མོ་རིན་པོ་ཆེ) བཙུན་མོ་རིན་པོ་ཆེ་ནི། ལུས་ལ་ཙནྡན་དང་ཁ་ནས་ཨུཏྤལའི་དྲི་འབྱུང་ཞིང་། རེག་བྱ་ཉོན་མོངས་པ་མེད་པས་མི་ཐམས་ཅད་ཀྱིས་མ་དང་སྲིང་མོ་ལྟར་མཐོང་བ་དང་། གླིང་དེའི་བཀྲེས་སྐོམ་ཐམས་ཅད་སེལ་བར་བྱེད་ཅིང་བསམ་པ་མཐུན་པ། བུ་མང་པོ་བཙའ་ཞིང་ཁྱིམ་ཐབས་མེད་ཀྱང་འདོད་ཡོན་ལྔའི་དབང་དུ་མི་འགྱུར་བ་ཞིག་གོ། ༤ (བློན་པོ་རིན་པོ་ཆེ) བློན་པོ་རིན་པོ་ཆེ་ནི། ཉོན་མོངས་པ་མེད་པས་མི་དགེ་བ་སྤངས་ཤིང་བྱ་བ་ཀུན་ལ་མ་བསླབས་ཀྱང་ཤེས་བཞིན་བྱེད་པ། སེམས་ཅན་རྣམས་ལ་ཕ་མ་ལྟར་བྱམས་པ་ཞིག་གོ། ༥ (གླང་པོ་རིན་པོ་ཆེ) གླང་པོ་རིན་པོ་ཆེ་ནི། ཉིན་གཅིག་ལའང་འཛམ་གླིང་ལན་གསུམ་འཁོར་ཞིང་། རྒྱལ་པོས་ཞོན་པའི་ཚེ་གང་དུ་འཇུག་སྤྲོ་བ་དེར་བསྐུལ་མི་དགོས་པར་འགྲོ་བ། ཕ་རོལ་ལས་རྒྱལ་བར་བྱེད་པ་བཅས་སོ། །༦ (རྟ་མཆོག་རིན་པོ་ཆེ) རྟ་མཆོག་རིན་པོ་ཆེ་ནི། རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་ཡོན་ཏན་གླང་པོ་དང་མཚུངས་པའོ། །༧ (དམག་དཔོན་རིན་པོ་ཆེ) དམག་དཔོན་རིན་པོ་ཆེ་ནི། དགྲ་བོ་མ་ལུས་པར་འཇོམས་པར་ནུས་ཀྱང་གཞན་ལ་མི་འཚེ་བ་དང་བདུན་ནམ། ཡང་ཁྱིམ་བདག་རིན་པོ་ཆེ་བསྣན་པའི་བདུན་ནོ། །ཁྱིམ་བདག་རིན་པོ་ཆེ་ནི། རྒྱལ་པོའི་མཛོད་གཉེར་ཁྱིམ་བདག་གོ། འདིར་མཁས་པ་དག་གསེར་གྱི་འཁོར་ལོས་བསྒྱུར་བ་ལ་དམག་དཔོན་མེད་དེ་གཡུལ་བཤམ་མི་དགོས་པའི་ཕྱིར་མཛོད་གཉེར་བ་ཁྱིམ་བདག་དང་བདུན་ཡིན་ཞིང་། གཞན་དངུལ་དང་ཟངས་དང་ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གསུམ་ལ་གཡུལ་བཤམ་དགོས་པས་དམག་དཔོན་བགྲངས་པའི་བདུན་ཡིན་ནོ། །ཞེས་བཤད་དོ། །སློབ་དཔོན་དཔའ་བོའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཡི་གེར་བྲིས་པ་ལས། འཕགས་ནོར་བདུན་དང་རྒྱལ་སྲིད་སྣ་བདུན་ཆོས་མཐུན་སྦྱར་ནས་གསུངས་པ་འདི་ལྟར། དད་པའི་འཁོར་ལོ་རིན་པོ་ཆེས། །ཉིན་མཚན་དགེ་བའི་ལམ་སྣ་དྲང་། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེས། །རབ་ཏུ་མཛེས་པའི་རྒྱན་ཕྲེང་གདགས། །གཏོང་བའི་བློན་པོ་རིན་པོ་ཆེས། །བསོད་ནམས་ཡེ་ཤེས་འཕྲུལ་ཆེན་འབྱུང་། །ཐོས་པའི་དམག་དཔོན་རིན་པོ་ཆེས། །ལོག་རྟོག་དགྲ་ཡི་གཡུལ་ངོ་གཞོམ། །ངོ་ཚ་ཤེས་པའི་རྟ་མཆོག་གིས། །ཉོན་མོངས་བག་མེད་སྦུབས་སུ་སྦ། །ཁྲེལ་ཡོད་སྟོབས་ཀྱི་གླང་པོ་ཆེས། །ཕྱིན་ཅི་ལོག་གི་ལས་རྣམས་སྤང་། །ཤེས་རབ་ནོར་བུ་རིན་པོ་ཆེས། །བདག་དང་གཞན་གྱི་རེ་བ་བསྐང་། །ཡོན་ཏན་མཐའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་པ་སྡུག་བསྔལ་རྒྱུ། །ཞེས་གསུངས་པ་ལྟར་རོ། །མདོ་སྡེ་དྲན་པ་ཉེར་གཞག་ལས་ནི་རྒྱལ་སྲིད་སྣ་བདུན་གྱི་གོ་རིམ་འདི་ལྟར་གསུངས་ཏེ། ༡ བུད་མེད་རིན་པོ་ཆེ། ༢ ནོར་བུ་རིན་པོ་ཆེ། ༣ འཁོར་ལོ་རིན་པོ་ཆེ། ༤ གླང་པོ་རིན་པོ་ཆེ། ༥ རྟ་མཆོག་རིན་པོ་ཆེ། ༦ བློན་པོ་རིན་པོ་ཆེ། ༧ ཁྱིམ་བདག་རིན་པོ་ཆེ་དང་བདུན་རིམ་བཞིན་གསུངས་ཤིང་། གོ་རིམ་དེ་ལྟར་གསུངས་པ་ལ་རྒྱུ་མཚན་དམིགས་བསལ་ཡོད་མེད་དཔྱད་པར་རིགས་སོ། །གོང་གི་རྒྱལ་སྲིད་སྣ་བདུན་གྱི་སྐོར་དེ་མདོ་དྲན་པ་ཉེར་གཞག་སྡེ་དགེ་སྤར་མའི་མདོ་སྡེ་གླེགས་བམ་༼ ཡ་པ ༽༡༠༠བ༥ན་བཞུགས་སོ། །