9963

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:21, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྡོ་རྗེ་འཇིགས་བྱེད
Tibetan Definition (གསང་སྔགས) <བཛྲ་བྷཻ་ར་ཝ> རྡོ་རྗེ་འཇིགས་བྱེད་ལ་ཡུམ་བཅས་དང་དཔའ་བོ་གཅིག་པ་གཉིས་ལས། ཡུམ་བཅས་ཀྱི་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་ནི། སྐུ་མདོག་མཐིང་ག་རྩ་ཞལ་མ་ཧེའི་གདོང་། །གཡས་ན་དམར་སྔོ་སེར་བའི་ཞལ་གསུམ་དང་། །གཡོན་ན་མཐིང་དཀར་ནག་པའི་ཞལ་གསུམ་བསྒྲིག །སྟེང་ན་དམར་དང་སེར་བའི་ཞལ་གཉིས་བརྩེགས། །གཡས་ཀྱི་མདུན་ཕྱག་བརྒྱད་ཀྱིས་སྟེང་རིམ་ནས། །གྲི་གུག་བྷི་དྷི་པ་ལ་ལ་གཏུན་ཤིང་དང་། །ཆུ་གྲི་གདུང་ཐུང་དགྲ་སྟ་གདུང་རིང་མངའ། །རྒྱབ་ཕྱག་བརྒྱད་ཀྱིས་སྟེང་ནས་རིམ་པ་བཞིན། །ལྕགས་ཀྱུ་དབྱུག་ཐོ་ཁ་ཊཱཾ་འཁོར་ལོ་དང་། །རྡོ་རྗེ་ཐོ་བ་རལ་གྲི་ཅང་ཏེའུ། །གཡོན་གྱི་མདུན་ཕྱག་བརྒྱད་ཀྱིས་སྟེང་རིམ་ནས། །ཐོད་ཁྲག་ཚངས་མགོ་ཕུབ་དང་རྐང་པ་དང་། །ཞགས་པ་གཞུ་དང་རྒྱུ་མ་དྲིལ་བུ་དང་། །ལག་པ་རོ་རས་གསལ་ཤིང་སྐྱེས་བུར་བཙུག །མེ་ཐབས་ཐོད་ཚལ་སྡིགས་མཛུབ་འཕན་རླུང་རས། །སྟེང་གི་ཕྱག་གཉིས་གླང་པགས་བརྐྱང་སྟེ་འཛིན། །གཡས་ཀྱི་ཞབས་བརྒྱད་བསྐུམས་པས་མདུན་རིམ་ནས། །མི་དང་མ་ཧེ་གླང་དང་བོང་བུ་དང་། །རྔ་མོ་ཁྱི་དང་ལུག་དང་ཝ་ཡི་འོག །ཚངས་པ་དབང་པོ་ཁྱབ་འཇུག་དྲག་པོ་དང་། །གཡོན་གྱི་ཞབས་བརྒྱད་བརྐྱངས་པས་མདུན་རིམ་ནས། །བྱ་རྒོད་འུག་པ་བྱ་རོག་ནེ་ཙོ་དང་། །ཁྲ་དང་བྱ་ཆེན་ཁྱིམ་བྱ་བཞད་ཀྱི་འོག །གདོང་དྲུག་ཚོགས་བདག་ཟླ་ཉི་ཁ་སྦུབས་མནན། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས། །གྲི་ཐོད་འཛིན་ཅིང་ཞབས་གཡོན་ཡབ་ལ་འཁྲིལ། །གཡས་པ་བརྐྱངས་པའི་རོ་ལངས་མ་ལ་འཁྱུད། །དབུ་སྐྲ་གྱེན་བརྫེས་རུས་པའི་རྒྱན་གྱིས་བརྒྱན། །པད་ཉིའི་སྟེང་དུ་སྐུ་ལས་འཕྲོས་པ་ཡི། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །རྔམས་བརྗིད་ཁྲོས་པའི་ཚུལ་གྱིས་བཞུགས་པ་ཡི། །རྡོ་རྗེ་འཇིགས་བྱེད་ཡུམ་བཅས་ལ་ཕྱག་འཚལ། །ཞེས་གསུངས། སྙིང་པོ་ནི། ཡ་མནྟ་ཏ་ཧཱུྃ་ཕཊ། །ལས་སྔགས་ནི་ཧྲཱིཿཥྚྲིཿ རྩ་སྔགས་ནི། ཡ་མ་རཱ་ཛ། ཞེས་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་ལྷ་མང་པོའི་སྐུ་མདོག་ཕྱག་མཚན་སོགས་གསལ་བར་ཡི་གེར་བཀོད་པ་ལས་གསུངས་པ་ལྟར་བཀོད།