10032

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:27, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྣམ་གྲངས
Tibetan Definition <པརྻ་ཡཱ> 1 རྣམ་པ། ཁྱད་པར། རྣམ་པའི་ཁྱད་པར། རྣམ་དབྱེ། རྣམ་པའི་དབྱེ་བ། དབྱེ་བ། རབ་དབྱེ། རྣམ་པ་མི་འདྲ་བ། རགས་བཤད་བྱས་ན་ལན་གྲངས་ལའང་འཇུག་པར་སྙམ། འདི་ལ་སྣ་གྲངས་ཞེས་ཀྱང་བྱའོ། །ཞིབ་པར་སྣ་གྲངས་ལ་གཟིགས། སྒྲ་བཤད་ནི། རྣམ་ནི་རྣམ་པ། གྲངས་ནི་ཁྱད་པར་ཏེ། རྣམ་པའི་ཁྱད་པར་ཞེས་བྱ་བའི་དོན་ནོ། །རྗེ་ཙོང་པ་ཆེན་པོའི་དམ་ཆོས་བཞེངས་པའི་སྨོན་ལམ་ལས། གང་ཞིག་འབྲི་དང་ཀློག་དང་འཆད་དང་ཉན། །ཡིད་ལ་བྱེད་དང་མཆོད་པ་གང་བགྱིད་པ། །དེ་ཡི་བསོད་ནམས་ཕུང་པོ་ཟླ་མེད་པར། །རྣམ་གྲངས་དུ་མར་ཡང་དང་ཡང་བསྔགས་པ། །ཞེས་གསུངས། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས། རྣམ་གྲངས་ནི་རབ་ཏུ་དབྱེ་བ་སྟེ། ཞེས་གསུངས་སོ། །2 མིང་གཞན། རྣམ་བཤད་རིགས་པ་༼ བསྟན་འགྱུར་ཤི་པ་༨༣བ་༥ ༽ལས། དེ་ལ་རྣམ་གྲངས་ནི་མིང་གཞན་ནོ། །ཞེས་གསུངས་པ་ལྟར་རོ། །3 རྣམ་གྲངས་ཞེས་པ་གྲངས་མང་ཉུང་ལ་མི་གོ་བར་རྣམ་པཙམ་གྱི་དོན་དུ་གོ་དགོས་པར་སི་ཏུ་འགྲེལ་ཆེན་ལས་བཤད་དེ། སི་ཏུ་འགྲེལ་ཆེན་༨༡ལས། རྣམ་གྲངས་ཞེས་པ་ནི་ལེགས་སྦྱར་དུ་པརྻ་ཡཱ་ཞེས་པ་ཡིན་ཏེ། དེ་ནི་གནས་སྐབས་དང་རིམ་པ་སྤྲུལ་པ་རྣམ་པ་རྣམས་ལ་འཇུག་པར་མངོན་བརྗོད་ཀྱི་བསྟན་བཅོས་རྣམས་སུ་བཤད་ལ། དེ་རྣམ་གྲངས་སུ་བསྒྱུར་བ་ནི་རྣམ་པ་ལ་འཇུག་པའི་རྒྱུ་མཚན་གྱིས་ཡིན་པས། རྣམ་གྲངས་དང་རྣམ་པ་དོན་གཅིག་ཏུ་གྲུབ་པའི་ཕྱིར་ཏེ། དཔེར་ན་མིང་གི་རྣམ་གྲངས་གཞན་མེད་དོ། །དོན་གྱི་རྣམ་གྲངས་མང་པོའོ། །དོན་གྱི་རྣམ་གྲངས་གཅིག་གོ། འདི་ནི་རྣམ་གྲངས་ཙམ་མོ། །རྣམ་གྲངས་ཀྱི་དོན་དམ་བདེན་པའོ། །ཞེས་པ་ལྟ་བུ་རྣམས་གྲངས་མང་ཉུང་གི་ཁྱད་པར་མེད་པར། མིང་གི་རྣམ་པ་གཞན་མེད་དོ། །དོན་གྱི་རྣམ་པ་མང་པོའོ། །དོན་གྱི་རྣམ་པ་གཅིག་གོ། འདི་ནི་རྣམ་པ་ཙམ་མོ། །རྣམ་པའི་དོན་དམ་བདེན་པའོ། །ཞེས་ཐམས་ཅད་དུ་རྣམ་པའི་སྒྲ་དང་འཇུག་པ་གཅིག་པར་སྣང་བའི་ཕྱིར་རོ། །ཞེས་གསུངས། གཞན་ཡང་། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས་ཀྱང་། རྣམ་གྲངས་ཞེས་བྱ་བ་ནི་རྣམ་པས་སོ། །ཞེས་གསུངས་སོ། །