10133

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:35, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྣམ་སྣང་གི་ཆོས་བདུན
Tibetan Definition སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་དང་མཐུན་པའི་ལུས་གནད་བདུན་ནམ་བརྒྱད་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ། ལག་གཉིས་མཉམ་བཞག རྐེད་པ་མདའ་ལྟར་བསྲང་བ། མཆུ་སོ་རང་བབས་སུ་བཞག་པ། མགོ་བོ་ཅུང་ཟད་དགུག་པ། མིག་སྣ་རྩེར་ཕབ་པ། ཕྲག་པ་གཉིས་མཐོ་དམའ་མེད་པར་ཐད་ཀར་འཇོག་པ། དབུགས་བགྲང་བ་དང་བརྒྱད་དོ། །དོན་དེ་དག་རྒྱལ་བ་དབེན་ས་པ་ཆེན་པོས། རྐང་པ་ལག་པ་རྐེད་པ་གསུམ། །སོ་མཆུ་ལྕེ་རྣམས་བསྡོམས་པས་བཞི། །མགོ་མིག་ཕྲག་པ་དབུགས་དང་བཞི། །རྣམ་པར་སྣང་མཛད་ཆོས་བརྒྱད་དོ། །ཞེས་སྡོམ་ཚིག་ཏུ་མཛད་དོ། །ལུས་གནད་བརྒྱད་ལྡན་དུ་བྱ་བ་འདི་འཕགས་པ་ཐོགས་མེད་ཀྱིས་ས་སྡེ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་བར་ཐ་གཉིས་དང་། གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་སོགས་སུ་བཤད་དོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ (རྒྱུད་གླེགས་བམ་༼ ཅ་པ ༽༢༡༨ན༤) ལས། སྒྲུབ་པོ་བདེ་བའི་སྟན་འདུག་ནས། །མིག་གཉིས་སྣ་རྩེར་གཏད་བྱས་ནས། །སྣ་ནི་ལྕེ་ཡི་ཚད་དུ་བཞག །ཕྲག་གོང་བསྙམས་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །ཅེས་གསུངས་སོ། །འདི་སྐོར་ཞིབ་པར་ཁོ་བོས་བྱས་པའི་€རྣམ་སྣང་གི་ཆོས་བདུན་རྒྱས་པར་བཤད་པཞེས་བྱ་བ་དེར་བལྟ་བར་བྱའོ། །སྒྲ་བཤད་ནི། ལུས་ཀྱི་འདུག་སྟངས་དེ་དག་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་བཞུགས་ལུགས་དང་མཐུན་པས་དེ་སྐད་ཅེས་བཏགས་སོ། །དེ་དག་གི་འགྲེལ་བཤད་རྒྱས་པར་བཤད་པ་ལ། (རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བྱེད་པ་ནི) རྡོ་རྗེ་ནི་མི་ཆོད་པ་དང་མི་ཚུགས་པའི་དོན་ཡིན་པས། བར་གཅོད་ཀྱིས་མི་ཚུགས་པའི་དགོས་པ་དང་རྟེན་འབྲེལ་ཡོད། དགོས་པའི་གཙོ་བོ་ནི་རྡོ་རྗེ་སྐྱིལ་ཀྲུང་བཅས་པས་ལུས་དང་རྐེད་པ་རང་བཞིན་གྱིས་འདྲོང་པོར་བྱེད་པ་དེ་ཡིན། ཡང༌། རྫོགས་རིམ་སྐབས་སྐྱིལ་ཀྲུང་བཞི་ལྡན་བསྒྲུབ་པའི་རྟེན་འབྲེལ་འཇོག གཞན་ཡང༌། ཀརྨ་པ་དབང་ཕྱུག་རྡོ་རྗེའི་ཕྱག་ཆེན་གྱི་ཁྲིད་ཡིག་ངེས་དོན་རྒྱ་མཚོ་ལས། རྐང་པ་སྐྱིལ་ཀྲུང་བཅས་པས་ཐུར་སེལ་གྱི་རླུང་དབུ་མར་ཚུད་ཅིང་ཉོན་མོངས་པ་ཕྲག་དོག་ཞི་བ་དང༌། བར་གཅོད་ཀྱིས་མི་ཚུགས་པའི་དགོས་པ་ཡོད་པར་གསུངས། ཕྱེད་སྐྱིལ་ནི་ཡོངས་གྲགས་ཀྱི་སྐྱིལ་ཀྲུང་ལ་ཟེར། (ལག་གཉིས་མཉམ་བཞག་ནི) གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་ནས་མཐེ་བོང་གཉིས་རྩེ་སྤྲད་དེ་ལྟེ་བའི་ཐད་དུ་བཟུང༌། དེའི་དགོས་པ་ནི། རྫོགས་རིམ་གྱི་སྐབས་ལྟེ་བའི་གཏུམ་མོ་འབར་བའི་རྟེན་འབྲེལ་ཡོད་ཅེས་བདག་གི་དྲིན་ཅན་རྩ་བའི་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་ཡང་ཡང་གསུང༌། དཔུང་པ་གཡས་གཡོན་གློར་མི་སྦྱར་བར་རླུང་འགྱུ་འོང་བྱེད་ས་ཡོད་ཙམ་གྱི་བར་སྟོང་བཞག་ན་ལུས་སེམས་གྲུང་པོར་གྱུར་པའི་དགོས་པ་ཡོད། (རྐེད་པ་གདའ་ལྟར་བསྲང་བའི་དགོས་པ་ནི) ལུས་དྲང་ན་རྩ་འདྲོང༌། རྩ་དྲང་ན་རླུང་འདྲོང༌། རླུང་དྲང་ན་སེམས་ལས་རུང་དུ་འགྱུར་བའི་དགོས་པ་ཡོད། (མཆུ་སོ་རང་བབས་སུ་བཞག་པ་ནི) མཆུ་དང་ཁ་ངོ་རྣམས་ལྷོད་ཅིང་མི་ངལ་བའི་དགོས་པ་ཡོད། ལྕེ་རྩེ་རྐན་ལ་སྦྱར་བའི་དགོས་པ་ནི། ཁ་མཆུ་མི་འཛག་པ་དང༌། ཁ་ལྕེ་མི་བསྐམ་པའི་དགོས་པ་ཡོད། (མགོ་བོ་ཅུང་ཟད་དགུག་པ་ནི) རྒོད་པ་སེལ་བའི་ཆེད་ཡིན། (མིག་སྣ་རྩེར་ཕབ་པ) མིག་སྣ་རྩེར་ཕབ་ཅེས་པ་མང་པོས་མིག་སྣ་རྩེར་བལྟ་བ་སོགས་བྱེད་པ་ནི་ནོར་རོ། །དེ་ནི་མིག་འབྱེད་འཛུམ་རན་པོའི་སྒོ་ནས་ཐུར་དུ་ཕབ་པ་ཙམ་ལ་ཟེར། མིག་ཅུང་ཟད་ཕྱེ་བས་བྱིང་བ་སེལ་བ་དང༌། མིག་སྣ་རྩེར་ཕབ་པས་རྒོད་པ་སེལ། དེ་ལ་དགོས་པ་གཞན་ཡང་ཡོད་པ་འདི་ལྟར། སྔོན་ཨ་རིའི་སི་ཡ་ཊལ་གྲོང་ཁྱེར་དུ་ཞི་གནས་ཀྱི་སྐོར་སློབ་ཁྲིད་བྱེད་སྐབས་ཤིག་ལ། རྒྱ་མོ་གཞོན་ནུ་མ་ཞིག་ནས། སྒོམ་རྒྱག་སྐབས་མགོ་བོ་རང་ཤུགས་ཀྱིས་གཡས་སུ་འགྱུར་བའི་སྣང་བ་འོང་གི་འདུག་པ་དེ་གང་ཡིན་ནམ་ཞེས་དྲིས་བྱུང༌། དེ་མིག་བཙུམས་པའི་སྐྱོན་རེད་ཅེས་བརྡ་སྤྲད་པས་སྐྱོན་དེ་བསལ་ཐུབ་པ་བྱུང༌། (ཕྲག་པ་གཉིས་མཐོ་དམའ་མེད་པར་དྲང་པོར་འཇོག་པ) (དབུགས་བགྲང་བ་དང་བརྒྱད་དོ) དབུགས་བགྲང་བ་ནི་སྔགས་ཀྱི་སྐབས་ཡིན་ན། རླུང་རོ་དགུ་ཕྲུགས་སུ་བསལ་བ་དེ་ཡིན། འདིར་ནི་དབུགས་འབྱུང་རྔུབ་སྟེ་དབུགས་ཕར་གཏོང་བ་དང་ཚུར་རྔུབ་པ་གཉིས་གཅིག་ཏུ་བགྲངས་པ་ཉེར་གཅིག་གི་ཡུན་ལ་སེམས་མ་ཡེངས་པར་གནས་པ་ལ་ཟེར། དེའི་དགོས་པ་ནི་ཆགས་སྡང་གི་བློ་རགས་པ་ཞི་ནས་རབ་དགེ་སེམས་དང༌། མ་མཐར་ཡང་བཏང་སྙོམས་སུ་སོང་ནས་སེམས་དགེ་སྦྱོར་བསྒྲུབ་པའི་ལས་རུང་དུ་འགྱུར་བའི་དགོས་པ་ཡོད། འདི་ལོ་ཏོག་ཕུན་སུམ་ཚོགས་པ་འབྱུང་བ་ལ་ཞིང་ས་ལས་རུང་དུ་བྱེད་པ་དང་འདྲའོ། །མདོར་ན། བོད་ཀྱི་གྲུབ་ཆེན་རྣམས་ཀྱིས། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར། ཞེས་པ་ལྟར་ནང་དུ་རྟོགས་པ་སྐྱེ་བ་ལ་ཕྱིའི་ལུས་གནད་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །