10407

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:51, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྫུ་འཕྲུལ
Tibetan Definition ཏིང་ངེ་འཛིན་གྱི་མཐུས་སྤྲུལ་སྒྱུར་སྣ་ཚོགས་སུ་སྣང་བའི་ཆོས་ལ་རྫུ་འཕྲུལ་ཟེར། ཡང་ན། ས་གཡོ་བ་དང་གཅིག་ཏུ་སྒྱུར་ཞིང་མང་པོར་སྤྲུལ་པ་ལ་སོགས་པ་བྱེད་པར་ནུས་པའི་རིག་པ་ལ། རྫུ་འཕྲུལ་ལམ་རྫུ་འཕྲུལ་གྱི་མངོན་ཤེས་ཡང་ཟེར། སྒྲ་བཤད་ནི། ༡ རྫུ་འཕྲུལ་ལ་སྒྲ་བཤད་ཚུལ་གཉིས་ལས་དང་པོ་ནི། རང་གི་ལུས་ལྟ་བུ་སྔར་ཡོད་ཀྱི་ཆོས་ཤིག་སྤྲུལ་པའི་སྟག་སོགས་སུ་སྒྱུར་བར་བྱེད་པ་ལ་རྫུ་བ་ཞེས་བྱ་ལ། སྔར་མེད་གསར་དུ་སྤྲུལ་པ་ལ་འཕྲུལ་བ་ཞེས་བྱ་སྟེ། མཆིམས་མཛོད་ལས། རྫུ་འཕྲུལ་ནི་མེད་པ་འཕྲུལ་བ་དང་ཡོད་པ་བསྒྱུར་བ་ལ་སོགས་པ་ཡིན་ལ། ཞེས་གསུངས་པ་ལྟར་རོ། །དེ་ཡང་རྫུ་ཞེས་པའི་ཚིག་ལ་རྫུན་པའི་དོན་ཡང་ཚང་བས། རང་གི་ལུས་སྟག་གཟིགས་སོགས་ཀྱི་ལུས་དངོས་མིན་ཡང་དེར་སྒྱུར་བར་བྱེད་པ་ལྟ་བུ་ལ་རྫུ་ཞེས་བྱ་ལ། འཕྲུལ་ནི་སྤྲུལ་པའི་དོན་ཡིན་པས། རྒྱ་མཚོའི་དབུས་སུ་རི་གླིང་སྤྲུལ་པ་དང༌། གཅིག་ལས་མང་པོ་དང་མང་པོ་གཅིག་ཏུ་སྤྲུལ་པ་ལྟ་བུ་ལ་འཕྲུལ་ཞེས་བྱ་སྟེ། སྔོན་མཽ་གལ་གྱི་བུ་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་རྣམས་ཀྱིས་དབྱུག་པས་བརྡུངས་ཏེ་འཆི་བ་ལ་ཉེ་སྐབས། ཤཱ་རིའི་བུས་ཁྱེད་རྫུ་འཕྲུལ་ལ་མཆོག་ཏུ་མངའ་བས་རྫུ་འཕྲུལ་མི་སྟོན་པ་ཅི་ཡིན་ཞུས་པར། ལས་ཀྱིས་ནོན་པས་རྫུ་བ་ཙམ་ཡང་མ་དྲན་ན། འཕྲུལ་བ་ལྟ་ཡང་ཅི་སྨོས་ཞེས་གསུངས་པ་ཡང་དེ་དང་མཐུན་ནོ། །༢ སྒྲ་བཤད་ཚུལ་གཉིས་པ་ནི། མཚོ་ཊཱིཀ་མཆན་བུ་ལས། རྫུ་བ་ལུས་ཀྱི་ཆོས། འཕྲུལ་བ་སེམས་ཀྱི་ཆོས་ཞེས་ཀྱང་སྣང་བས། རྫུ་བ་ལུས་ཀྱི་ཆོས་ཞེས་པའི་དོན་ནི། རང་གི་ལུས་སྤྲུལ་སྟག་སོགས་སུ་སྒྱུར་བར་བྱེད་པ་ནི་ལུས་ཀྱི་ཆོས་ཏེ་ལུས་ཀྱི་བྱེད་ལས་སམ་ཁྱད་ཆོས་ཡིན་ལ། འཕྲུལ་བ་ནི་དེ་ལྟ་བུའི་སྤྲུལ་སྒྱུར་སྣ་ཚོགས་སྟོན་ནུས་པའི་སེམས་ཀྱི་ཁྱད་ཆོས་ཏིང་ངེ་འཛིན་ནམ། ཡང་ན་གཞན་གྱི་སེམས་ལ་ཡ་མཚན་སྟེར་བར་བྱེད་པས་སེམས་ཀྱི་ཆོས་ཞེས་ཟེར་བ་ཡིན་ནམ་སྙམ། ཡང་ཀླུ་སྒྲུབ་ཀྱི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ་༡༧༤ན་ལས། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །གྲུབ་པས་ན་རྫུ་འཕྲུལ་ཏེ་ཡང་དག་པར་གྲུབ་ཅིང་འདོད་པ་ཇི་ལྟ་བ་བཞིན་རྫོགས་པར་བྱེད་པའི་ཆོ་འཕྲུལ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །རྫུ་འཕྲུལ་ཆོ་འཕྲུལ་ཡིན་ནོ་ཞེས་ཇི་ལྟར་རྟོགས་ཤེ་ན། སེམས་ཅན་སོ་སོ་བ་རྣམས་ཀྱི་ཡིད་འཕྲོག་ཅིང་མགུ་བར་བྱེད་པས་ན་ཆོ་འཕྲུལ་ཡིན་ནོ། །ཞེས་གསུངས་པ་ལའང་བརྟག་རྒྱུ་ཡོད་པར་སྙམ་མོ། །དེ་ལྟ་བུའི་རྫུ་འཕྲུལ་དེ་འཐོབ་པའི་རྒྱུ་ནི། སྡེ་དགེ་བསྟན་འགྱུར་༼ གེ་པའི ༽ནང་བཞུགས་དབུ་མ་རིན་ཆེན་ཕྲེང་བ་༡༡༨ན༣ལས། ལྷམ་དང་བཞོན་པ་བྱིན་པ་དང་། །ཉམ་ཆུང་བཀུར་བ་བྱས་པ་དང་། །བཞོན་པས་བླ་མ་བཀུར་བ་ཡིས། །མཁས་པས་རྫུ་འཕྲུལ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །