11507

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:57, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ས་སྡེ་ལྔ
Tibetan Definition (ཕར་ཕྱིན) འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་ནི། ༡ སའི་དངོས་གཞི། ༢ གཏན་ལ་དབབ་པ་བསྡུ་བ། ༣ སའི་གཞི་བསྡུ་བ། ༤ རྣམ་གྲངས་བསྡུ་བ། ༥ རྣམ་པར་བཤད་པའི་སྒོ་བསྡུ་བ་དང་ལྔའོ། །འདི་དག་གི་གོ་རིམ་ཡང་འདི་ཁོ་ན་ལྟར་བྱས་ན་ལེགས་ཏེ། དང་པོ་སའི་དངོས་གཞི། གཉིས་པ་དེའི་འགྲེལ་པ་ལྟ་བུར་གཏན་ལ་དབབ་པ་བསྡུ་བ། གསུམ་པ་སྔར་གྱི་གཞུང་དེ་དག་སྡེ་སྣོད་གསུམ་དུ་སྡུད་ཚུལ་བསྟན་པ་སའི་གཞི་བསྡུ་བ། བཞི་པ་རྗོད་བྱེད་མིང་གི་རྣམ་གྲངས་བསྟན་པ་རྣམ་གྲངས་བསྡུ་བ། ལྔ་པ་དེ་དག་འཆད་ཚུལ་སྟོན་པ་རྣམ་པར་བཤད་པའི་སྒོ་བསྡུ་བ་དང་ལྔའོ། །དོགས་གཅོད། འོ་ན་ཉན་ས་དང་། རང་ས་དང་། བྱང་ས་རྣམས་ས་སྡེ་ལྔ་གང་གི་ཁོངས་སུ་བསྡུ་ཞེ་ན། སའི་དངོས་གཞིར་བསྡུས་སོ། །སའི་དངོས་གཞི། (༼ ཚི ༽༼ ཛི ༽༼ ཝི ༽རྣམས་སུ་བཞུགས) གཏན་ལ་དབབ་པ་བསྡུ་བ། (༼ ཞི ༽༼ ཟི་པའི་སྟོད་ལ་བཞུགས) སའི་གཞི་བསྡུ་བ། (སྡེ་དགེ་བསྟན་འགྱུར་༼ ཟི་པའི་སྨད ༽༡༢༧ན༤ན་བཞུགས) རྣམ་གྲངས་བསྡུ་བ། (༼ འི ༽༢༢བ༡ན་བཞུགས) རྣམ་པར་བཤད་པའི་སྒོ་བསྡུ་བ་(༼ འི་པའི ༽༤༨ན༡ན་བཞུགས་སོ)དང་ལྔའོ། །འདི་དག་གི་གོ་རིམ་ཡང་འདི་ཁོ་ན་ལྟར་བྱས་ན་ལེགས་ཏེ། དང་པོ་སའི་དངོས་གཞི། གཉིས་པ་དེའི་འགྲེལ་པ་ལྟ་བུར་གཏན་ལ་དབབ་པ་བསྡུ་བ། གསུམ་པ་སྔར་གྱི་གཞུང་དེ་དག་སྡེ་སྣོད་གསུམ་དུ་སྡུད་ཚུལ་བསྟན་པ་སའི་གཞི་བསྡུ་བ། བཞི་པ་རྣམ་པར་བཤད་པའི་སྒོ་བསྡུ་བ་དང་ལྔའོ། །ཉན་ས་དང་། རང་ས་དང་། བྱང་ས་གསུམ་ནི་སའི་དངོས་གཞིར་བསྡུས་སོ། །སའི་དངོས་གཞི་ནི་ས་བཅུ་བདུན་དུ་བསྡུས་ནས་སྟོན་ཏེ། དེ་ཉིད་ལས། སྡོམ་ནི། རྣམ་ཤེས་ལྔ་དང་ལྡན་པའི་ས། །ཡིད་ཀྱི་ས་དང་གཞན་གསུམ་སྟེ། །རྟོག་དཔྱོད་བཅས་ལ་སོགས་པ་དང་། །ཏིང་འཛིན་བཅས་དང་མ་ཡིན་དང་། །སེམས་ཡོད་པ་དང་སེམས་མེད་དང་། །ཐོས་དང་བསམ་དང་སྒོམ་ལྡན་དང་། །དེ་བཞིན་ཐེག་པ་གསུམ་ལྡན་དང་། །ཕུང་པོར་བཅས་དང་ཕུང་མེད་གཞན། །ཞེས་དང་། རྣམ་པར་ཤེས་པའི་ཚོགས་ལྔ་དང་ལྡན་པའི་ས་དང་། ཡིད་ཀྱི་ས་དང་། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ས་དང་། རྟོག་པ་མེད་ཅིང་དཔྱོད་པ་ཙམ་གྱི་ས་དང་། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ས་དང་། མཉམ་པར་བཞག་པའི་ས་དང་། མཉམ་པར་མ་བཞག་པའི་ས་དང་། སེམས་ཡོད་པའི་ས་དང་། སེམས་མེད་པའི་ས་དང་། ཐོས་པ་ལས་བྱུང་བའི་ས་དང་། བསམས་པ་ལས་བྱུང་བའི་ས་དང་། བསྒོམས་པ་ལས་བྱུང་བའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་རྒྱལ་གྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། ཕུང་པོ་དང་བཅས་པའི་ས་དང་། ཕུང་པོ་མེད་པའི་ས་སྟེ། ས་བཅུ་བདུན་པོ་དེ་དག་ནི་མདོར་ན་རྣལ་འབྱོར་སྤྱོད་པའི་ས་ཞེས་བྱའོ། །ཞེས་གསུངས། དེའི་འགྲེལ་པ་ལྟ་བུ་རྣམ་པར་གཏན་ལ་དབབ་པར་བསྡུ་བ་སྟེ། སའི་དངོས་གཞིའི་ཚིག་དོན་གཉིས་ཀ་མུ་བཞི་ལ་སོགས་པར་གཏན་ལ་དབབ་པར་བསྟན་ལ། རང་སངས་རྒྱས་ཀྱི་ས་མ་གཏོགས་པ་ལ་བསྡུ་བ་གཏན་ལ་དབབ་པ་ཡོད་དོ། །དེ་གཉིས་ཀྱིས་གསུང་རབ་རྣམས་ཀྱི་དོན་བསྟན་ནོ། །གཞི་བསྡུ་བ་ནི་སྔར་གྱི་གཞུང་དེ་དག་སྡེ་སྣོད་གསུམ་དུ་སྡུད་ཚུལ་ཏེ། འདིའི་མདོར་བསྟན་དུ་སྡེ་སྣོད་གསུམ་ག་བསྡུ་བ་སྨོས་ནས་རྒྱས་བཤད་དུ་མདོ་སྡེ་དང་འདུལ་བ་བསྡུ་བ་གཉིས་ལས་མ་བཤད་པ་ནི། མ་མོ་བསྡུ་བ་ས་སྡེ་ལྔ་པོ་ཉིད་ཡིན་པས་ལོགས་སུ་མ་བཤད་དེ། ཐོས་པའི་ས་གཏན་ལ་དབབ་པ་བསྡུ་བར། དེ་ལ་མ་མོ་བསྡུ་བ་ནི་ས་བཅུ་བདུན་དང་བསྡུ་བ་བཞིའོ། །ཞེས་འབྱུང་བས་སོ། །རྣམ་གྲངས་བསྡུ་བ་ནི། རྫོད་བྱེད་མིང་གི་རྣམ་གྲངས་བསྟན་པའམ། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་རྣམ་གྲངས་བྱེ་བྲག་ཏུ་འཆད་པའོ། །དེ་གཉིས་གཞུང་ངོ་། །རྣམ་པར་བཤད་པའི་སྒོ་བསྡུ་བ་ནི་དེ་དག་འཆད་ཚུལ་སྟོན་པ་སྟེ། དེ་ལྟར་གསུང་རབ་ཀྱི་དོན་དང་གཞུང་དང་བཤད་ཚུལ་གྱི་དབང་གིས་ས་སྡེ་ལྔའོ། །བུ་སྟོན་རིན་པོ་ཆེའི་གསུང་ལ་གཞི་བྱས་ཏེ་བཀོད་དོ། །