11531

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:58, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ
Tibetan Definition རྒྱ་གར་སྐད་དུ། བུདྡྷ་ཨ་བ་ཏ་ད་ས་ཀ་ནཱ་མ་མཧཱ་བཻཔུ་ལྱཾ་སཱུཏྲ། ཞེས་བྱའོ། །མདོ་སྡེ་ཕལ་པོ་ཆེ་འདི་ལ་༼ ཀ ༽༼ ཁ ༽༼ ག ༽༼ ཨ ༽ བཅས་གླེགས་བམ་བཞི་ཡོད། དང་པོ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་སངས་རྒྱས་ཕལ་པོ་ཆེ་ནི། བརྡ་རྙིང་དུ་སངས་རྒྱས་རྨ་ག་ཆད་དུ་གྲགས་ཤིང༌། ཡང་སྙན་གྱི་གོང་རྒྱན་དུའང་བསྒྱུར་བ་ཡོད་དེ། དེ་ལྟ་བུའི་མཚན་དེའང་བྱེ་བྲག་གི་མིང་སྤྱི་ལ་བཏགས་པར་གསལ་ཏེ། མདོ་འདིའི་ལེའུ་ཉི་ཤུ་རྩ་དགུའི་བར་དུ་ཕལ་པོ་ཆེ་ཞེས་དཀར་ཆག་ལྡན་དཀར་མ་སོགས་སུ་བཤད་པ་གང་ཞིག །དེས་ལྷག་མ་རྣམས་ལའང་མཚན་དེ་ལྟར་གྲགས་པའི་ཕྱིར་རོ། །དེས་ན་མཚན་དེ་ལྟ་བུ་དང་ལྡན་པའི་མདོ་སྡེ་འདི་ལ། སྤྱིར་ཤློ་ཀ་འབུམ་དང༌། ལེའུ་སྟོང་ཡོད་པ་ལས། བསྟན་པ་ལ་དགྲ་ལན་གསུམ་བྱུང་བའི་ཐ་མའི་སྐབས་སུ་དཔལ་ནཱ་ལེནྡྲའི་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏྣ་སཱ་གཱར། རཏྣ་ད་དྷི། རཏྣ་རཎྜཀ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་གསུམ་ཡོད་པ་དེ་གསུམ་ཆར་ཚིག་པའི་སྐབས་སུ། འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། མདོ་ཕལ་ཆེན་གྱི་ལེའུ་སྟོང་ལས་སུམ་ཅུ་སོ་བརྒྱད་ལུས། འདུས་པ་ཆེན་པོ་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལངྐར་གཤེགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་བ་ཙམ་ལུས་པར་གྲགས་པ་ལས། མ་ཚང་བའི་འཕྲོ་ཇི་ཙམ་བཞུགས་པ་བསྒྱུར་བ་ལ། གླེགས་བམ་༼ ཀ་པ་ལ ༽ ཕལ་པོ་ཆེ་ལེའུ་ཉེར་དགུ། ཤློ་ཀ་བཞི་སྟོང་ཉིས་བརྒྱ། བམ་པོ་ཉི་ཤུ་རྩ་དགུ་རྣམས་སུ་ཡོད་པ་ཡོངས་སུ་རྫོགས་པ་དང༌། ལེའུ་སུམ་ཅུ་པ་རྡོ་རྗེ་རྒྱལ་མཚན་གྱི་ལེའུ་ལ། ཤློ་ཀ་སུམ་སྟོང་དགུ་བརྒྱ། བམ་པོ་བཅུ་གསུམ་ཡོད་པའི་སྟོད་ནས་བམ་པོ་གཅིག་སྟེ། ཡོངས་བསྡོམས་བམ་པོ་སུམ་ཅུ་བཞུགས། ༼ ཁ་པ་ལ ༽ རྡོ་རྗེ་རྒྱལ་མཚན་གྱི་ལེའུའི་གཤམ། བམ་པོ་བཅུ་གཉིས་རྫོགས་པ་དང༌། སོ་གཅིག་པ་ས་བཅུ་པའི་ལེའུ། ཤློ་ཀ་ཉིས་སྟོང་བཞི་བརྒྱ། བམ་པོ་དགུ། སོ་གཉིས་པ་ཀུན་བཟང་གིས་བསྟན་པའི་ལེའུ། སོ་གསུམ་པ་ཏིང་ངེ་འཛིན་བཅུ་པའི་ལེའུ། སོ་བཞི་པ་མངོན་ཤེས་བསྟན་པའི་ལེའུ། སོ་ལྔ་པ་བཟང་པོའི་ལེའུ། སོ་དྲུག་པ་གྲངས་ལ་འཇུག་པའི་ལེའུ། སོ་བདུན་པ་ཚེའི་ཚད་ཀྱི་ལེའུ། སོ་བརྒྱད་པ་བྱང་ཆུབ་སེམས་དཔའི་གནས་བསྟན་པའི་ལེའུ་ཡན་བམ་པོ་བརྒྱད་དེ། ཡོངས་བསྡོམས་བམ་པོ་ཉི་ཤུ་རྩ་དགུ་བཞུགས་སོ། །༼ ག་པ་ལ ༽ ལེའུ་སོ་དགུ་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུ། བཞི་བཅུ་པ་དེ་བཞིན་གཤེགས་པའི་མཚན་རྒྱ་མཚོ་བསྟན་པའི་ལེའུ། ཞེ་གཅིག་པ་དཔེ་བྱད་བཟང་པོ་བསྟན་པའི་ལེའུ། ཞེ་གཉིས་པ་ཀུན་བཟང་གི་སྤྱོད་པ་བསྟན་པའི་ལེའུ་རྣམས་ལ་བམ་པོ་བརྒྱད་དེ། གླེགས་བམ་སྔ་མའི་ཀུན་ཏུ་བཟང་པོས་བསྟན་པའི་ལེའུ་ནས། འདིའི་བར་ཁྱོན་བསྡོམས་ཤློ་ཀ་སྟོང་བརྒྱད་བརྒྱ། བམ་པོ་བཅུ་དྲུག་ཡོད་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུར་གྲགས་སོ། །ཞེ་གསུམ་པ་དེ་བཞིན་གཤེགས་པའི་སྐྱེ་བ་དང་བྱུང་བ་བསྟན་པའི་ལེའུ། ཤློ་ཀ་སྟོང་ལྔ་བརྒྱ། བམ་པོ་ལྔ། ཞེ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུ་ཤློ་ཀ་སུམ་སྟོང་སུམ་བརྒྱ། བམ་པོ་བཅུ་གཅིག ཞེ་ལྔ་པ་སྡོང་པོ་བཀོད་པ་འཕྲོས་དོན་དང་བཅས་པ་ལས་སྡོང་པོས་བརྒྱན་པའི་ལེའུ། ཤློ་ཀ་བརྒྱད་སྟོང་བདུན་བརྒྱ་བམ་པོ་ཉི་ཤུ་རྩ་དགུ་པའི་སྟོད་ནས་བམ་པོ་བརྒྱད་དེ་ཁྱོན་བམ་པོ་ཉེར་བདུན་རྣམས་བཞུགས་སོ། །༼ ཨ་པ་ལ ༽ སྡོང་པོས་བརྒྱན་པའི་ལེའུའི་འཕྲོ་བམ་པོ་ཉི་ཤུ་རྩ་གཅིག་དང༌། དེའི་གཤམ་དུ་ནོར་བཟང་གིས་ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར་སྡོང་པོས་བརྒྱན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་སྤྱོད་པ་ཕྱོགས་གཅིག་པ་གསུངས་པ་ལ་བམ་པོ་གཅིག་སྟེ་ཁྱོན་བམ་པོ་སུམ་ཅུ་རྣམས་བཞུགས་སོ། །དེ་ལྟར་ཕལ་པོ་ཆེའི་ལེའུ་ཇི་སྙེད་པ་འདི་ལ་ཀུན་མཁྱེན་བུས་ལེའུ་བཞི་བཅུ་རྩ་ལྔ་པ་ཡན་ཆད་དུ་ཤློ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ། བམ་པོ་བརྒྱ་དང་སུམ་ཅུ་དང་ཤློ་ཀ་སུམ་ཅུ་ཡོད་པར་གསུངས་སྣང་བ་ཤློ་ཀ་སུམ་བརྒྱ་ལ་བམ་པོར་བཅད་པའི་དབང་གིས་ཡིན་ལ། དཀར་ཆག་ལྡན་དཀར་མར་བམ་པོ་བརྒྱ་དང་ཉི་ཤུ་རྩ་བདུན་དུ་མཛད་སྣང༌། འདིར་ནི་ཚལ་པ་བཀའ་འགྱུར་གྱི་དཀར་ཆག་དང་མཐུན་པར་ལེའུ་ཞེ་ང་པ་ཡན་བམ་པོ་བརྒྱ་དང་བཅོ་ལྔ། དེ་ཕྱིན་བམ་པོ་གཅིག་བཅས་བརྒྱ་དང་བཅུ་དྲུག་ཡོད་ཅིང༌། བམ་ཚད་ནི་ཕལ་ཆེར་ཤློ་ཀ་སུམ་བརྒྱ་ཙམ་དང༌། འགའ་ཞིག་བཞི་བརྒྱ་དང་ཕྱེད་བཞི་བརྒྱ་པའང་ཡོད་པར་འདུག་གོ །སྒྱུར་བྱེད་ནི་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བཻ་རོ་ཙ་ནས་ཞུས་ཆེན་མཛད་པར་བཤད་དོ། །ཞེས་སྡེ་དགེ་བཀའ་འགྱུར་དཀར་ཆགས་ལས་དང་། ཇོ་ནང་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་སོགས་ལས་འབྱུང་བ་ལྟར་རོ། །ཡང་། བཅོམ་ལྡན་རིག་རལ་གྱི་བོད་དུ་བསྟན་དར་ཚུལ་བཤད་པ་«བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ཅེས་བྱ་བ»༨ན༣ལས། སངས་རྒྱས་ཕལ་པོ་ཆེ་ཤོ་ལོ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་སྟེ་བམ་པོ་བརྒྱ་སུམ་ཅུ་དང་ཤོ་ལོ་ཀ་སུམ་ཅུ་དང་། ད་ལྟ་སྡེ་གཅིག་ཏུ་བྱས་པ་ལ་ལེའུ་བཞི་བཅུ་རྩ་ལྔའི་དང་པོ་འཇིག་རྟེན་གྱི་དབང་པོའི་རྒྱན་དང་། མཐའ་ན་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་དང་། འཇིག་རྟེན་ལས་འདས་པ་དང་། སྡོང་པོས་བརྒྱན་པ་ནོར་བཟང་གིས་བླ་མ་བསྟེན་པ་ཞེ་ལྔ་པ་ལ་ཡོད་ལ། དཀོན་མཆོག་ཏ་ལ་ལ་བམ་པོ་ལྔ་སྟེ་གུད་ན་ཡོད་དོ། །འདིའི་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སངས་རྒྱས་ཕལ་པོ་ཆེ་ལས་ཞེས་བྱ་བ་ཕྱི་ནས་གཟུངས་བསྡུས་སུ་བཅུག་ནས་སྣང་སྟེ་འདི་གཟུངས་མ་ཡིན་པས་ཕལ་ཆེན་གྱི་ཟླ་ལ་བཞག་གོ །འདིའི་དང་པོ་མ་དྷ་དབྱེ་ཆོས་ཀྱི་དགོན་པར་གསུངས་པ་དང་ས་བཅུ་པ་སངས་རྒྱས་ནས་ཞག་བདུན་ཕྲག་གཉིས་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་སུ་གསུངས་པ་དང་། ནོར་བཟང་གིས་བླ་མ་བསྟེན་པ་མཉན་ཡོད་ན་བཞུགས་པའི་ཚེ་བྱུང་བ་དང་། དཀོན་མཆོག་ཏ་ལ་ལ་རྒྱལ་པོའི་ཁབ་ཏུ་གསུངས་པ་ལ་སོགས་པའི་མདོ་དུ་མ་ཡོད་མོད་ཀྱི་སྔོན་དཔེ་ཉམས་པའི་ཚེ་གང་རྙེད་པ་བྲིས་པས་བར་བར་ནས་ཆད་པ་མང་པོ་ཡོད་ལ་མཇུག་ཇི་སྙེད་པ་རྫོགས་སོ་ཞེས་བྱ་བ་ཡོད་དེ་གང་རྙེད་པ་ཞེས་བྱ་བའི་དོན་ཏོ། །ཕལ་ཆེན་གྱི་ལེའུ་སྟེ་བཞི་པའོ། །ཞེས་གསུངས་སོ། །