11959

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:30, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱ་རེངས་དང་པོ
Tibetan Definition <ནཱི་ལཱ་རུ་ཎཿ> (འདུལ་བ) སྐྱ་རེངས་དང་པོ་འཆར་དུས་འདི་སྤྱིར་ནམ་རིང་ཐུང་དང་། ལྷག་པར་ཡུལ་གྲུ་སོ་སོར་ཉི་མ་འཆར་སྔ་ཕྱིའི་དབང་གིས། དེང་དུས་ཀྱི་ཆུ་ཚོད་དང་སྦྱར་ནས་མཐའ་གཅིག་ཏུ་ཁ་ཚོན་བཅད་ནས་བཤད་པར་དཀའ་ན་ཡང་། ནམ་ (ནམ་གྱི་གོ་དོན་འོག་ཏུ་གཟིགས) གྱི་ཆ་ལ་སྲོད་དང་དགུང་དང་ཐོ་རངས་གསུམ་དུ་ཕྱེ་བའི་ཐོ་རངས་ཀྱི་དུས་སུ་འཆར་ལ། དེ་གསུམ་རེ་རེ་ལ་ཡང་གསུམ་གསུམ་སྟེ་ཆ་དགུར་ཕྱེ་བའི་ཆ་བདུན་པའི་ཕྱེད་ན་སྐྱ་རེངས་དང་པོ་འཆར་རོ། །མདོར་ན། ཐོ་རངས་ལ་ཆ་གསུམ་དུ་ཕྱེ་བའི་ཆ་དང་པོའི་ཕྱེད་ན་འཆར་རོ། །དེང་དུས་ཀྱི་ཆུ་ཚོད་དང་སྦྱར་ནས་བཤད་ན། ཆུ་ཚོད་༦དྲུག་པ་ལ་ཉི་མ་ནུབ་ནས། སང་གི་ཆུ་ཚོད་༦དྲུག་པ་ལ་ཉི་མ་ཤར་བའི་དབང་དུ་བཏང་ན། སྔ་དྲོའི་ཆུ་ཚོད་གཉིས་དང་སྐར་མ་བཞི་བཅུ་ (༢:༤༠) ལ་སྐྱ་རེངས་དང་པོ་འཆར་རོ། །དེ་ཇི་ལྟར་ཡིན་ཞེ་ན། དགོང་དྲོའི་ཆུ་ཚོད་༦ནས་སང་ཞོགས་ཀྱི་ཆུ་ཚོད་༦བར་ཆུ་ཚོད་བཅུ་གཉིས་ཡོད་ལ། ཆུ་ཚོད་༡༢བཅུ་གཉིས་པོ་དེ་ཆ་དགུར་བགོས་པའི་ཆ་བདུན་པའི་ཕྱེད་ན་སླེབས་པ་ན་སྐྱ་རེངས་དང་པོ་འཆར་བ་ཡིན། འོན་ཀྱང་ནམ་རིང་ཐུང་གི་དབང་གིས་སྐྱ་རེངས་འཆར་དུས་ཀྱང་མི་འདྲ་བ་འོང་སྟེ། དཔེར་ན་ནམ་ཐུང་དུས་ནི་ནམ་གྱི་སུམ་ཆ་ (ནམ་ལ་ཆ་གསུམ་དུ་བགོས་པའི་ཆ་གསུམ་པ་སླེབ་ཁར་སྐྱ་རེངས་དང་པོ་འཆར་རོ) ཉེ་བ་ལུས་པ་ན་སྐྱ་རེངས་དང་པོ་འཆར་ལ། ནམ་རིང་དུས་ནི་ནམ་གྱི་ལྔ་ཆ་ (ནམ་ལ་ཆ་ལྔ་བགོས་པའི་ཆ་ལྔ་པའི་དུས་སུ་སྐྱ་རེངས་དང་པོ་འཆར་རོ) ལུས་པ་ན་སྐྱ་རེངས་དང་པོ་འཆར་བ་གསུངས་སོ། །ནམ་མཁའི་ཁ་དོག་གི་སྒོ་ནས་སྐྱ་རེངས་འཆར་དུས་ངོས་བཟུང་བ་ནི། སྐར་མའི་གདོང་གི་འོད་ཉམས་ནས། ནམ་མཁའ་སྔོ་སྐྱར་གྱུར་པ་ན་སྐྱ་རེངས་དང་པོ་ཤར། རྒྱུ་སྐར་འོད་ཆུང་བ་དང་། ནམ་མཁའ་སེར་སྐྱར་གྱུར་པ་ན་སྐྱ་རེངས་བར་པ་ཤར་བ་ཡིན། རྒྱུ་སྐར་འོད་ནི་མེད་པ་དང་། ནམ་མཁའ་དམར་པོར་གྱུར་ནས་ཉི་མ་ཤར་བའི་བར་དུ་ནི་སྐྱ་རེངས་ཐ་མའི་དུས་སོ། །འོ་ན་ནམ་གྱི་གོ་དོན་གང་ཡིན་ནམ་ཞེ་ན། ནམ་ཞེས་པ་དེ་རིང་ཉི་མ་ནུབ་ནས་སང་ཉི་མ་མ་ཤར་གྱི་བར་གྱི་དུས་ཚོད་ལ་ནམ་ཟེར་ཞིང་། དེ་དང་མཚན་མོ་དོན་འདྲ། དཔེར་ན་ནམ་གྱི་ཆ་ལ་སྲོད་དང་དགུང་དང་ཐོ་རངས་གསུམ་ཞེས་པ་ལྟ་བུས་ཤེས་ནུས་སོ། །ཉི་མ་ནུབ་ནས་ས་མ་རུབ་ཀྱི་བར་ལ་སྲོད་ཟེར། མཚན་ཕྱེད་ལ་ནམ་དགུང་ཟེར་རོ། །