From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྐྱེ་དགུ
|
Tibetan Definition
|
3 བུ་ཕྲུག་གི་མིང་། དཔེར་ན་ཨ་མ་ལ་སྐྱེ་དགུའི་བདག་མོ་ཟེར་བ་ལྟ་བུ། སྒྲ་བཤད་ནི། སྐྱེ་དགུ་ཞེས་པ་སྐྱེས་ཚད་ཅེས་པའི་དོན་ཏེ། ཚིག་ཟུར་གྱི་དགུ་ནི། ཐམས་ཅད་དང་མང་པོའི་དོན་ཏེ། སྐྱེས་སོ་ཅོག ཡོད་དོ་ཅོག ཡིན་ནོ་ཅོག སྐྱེས་ཚད། ཡོད་ཚད། ཡིན་ཚད་སོགས་ཀྱི་དོན་ནོ། །སྐྱེ་དགུ་དང་། བཟང་དགུ། འདོད་དགུ ཕྲད་དགུ་སོགས་ཀྱི་དགུ་ནི་འཕགས་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས་ “མང་ཚིག” གི་དོན་ཡིན་པར་བཤད། འདིའི་དགུ་ཞེས་པ་མང་ཚིག་ལ་འཇུག་ཚུལ་ནི། ལེགས་སྦྱར་གྱི་ “པྲ”ཞེས་པ། རབ་དང་། དང་པོ། ཡང་ (ཡང་སློབ་ཅེས་པའི་ཡང) དང་། མང་ཚིག་བཅས་ལ་འཇུག་པར་བཤད་པ་ལྟར་རོ། །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་བླ་མཆོད་འགྲེལ་པ། ཀུན་མཁྱེན་འཇིགས་མེད་དབང་པོ། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ། གཟུགས་མེད་ནས་གཟུགས་མེད་དང་། དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ། གཟུགས་ཁམས་ནས་གཟུགས་ཁམས་དང་། དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ། འདོད་ཁམས་ནས་འདོད་ཁམས་དང་། དེ་ནས་ཁམས་གཞན་གཉིས་སུ་སྐྱེ་བ་གསུམ་སྟེ། སྐྱེ་བ་དགུ་ལེན་པས་སྐྱེ་དགུ་ཞེས་བྱའོ། །ཞེས་གསུངས་ཤིང་། ཡང་ཕུང་པོ་ལྔ་དང་ཁམས་བཞི་ལྡན་ལ་བྱེད་པའི་ཚུལ་ཡང་ཡོད་དོ། །ཞེས་པཎ་ཆེན་བློ་བཟང་ཆོས་རྒྱན་གསུངས་མོད། སྐྱེ་དགུ་ཞེས་པའི་དགུ་གྲངས་ཀྱི་དགུ་ལ་བྱེད་པ་ནི་འཐད་པར་མ་མཐོང་སྟེ། དེ་ལྟར་ན་བཟང་དགུ་དང་། ཡོད་དགུ་དང་། འདོད་དགུ་སོགས་ལ་འགྲེལ་བཤད་གནང་དུས་ཅུང་ཟད་འོ་བརྒྱལ་བར་འདུག་གོ་ཞེས་ཞུའོ། །དེས་ན་དགུ་དང་། བརྒྱ། སྟོང་སོགས་སྐབས་མང་པོར་གྲངས་ཀ་དགུ་སོགས་ལ་མི་གོ་བར་མང་པོའི་དོན་ཙམ་ལ་གོ་དགོས་པ་ཡང་ཤེས་པར་བྱའོ། །
|