12019

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 18:34, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱེ་དགུའི་བདག་མོ
Tibetan Definition (འདུལ་བ) 1 ཆུང་མ།  2 བཙུན་མོའམ། རིགས་བཞི་ལས་རྗེ་རིགས་མའི་མིང་ཡིན་ཏེ། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། རྗེ་རིགས་མའི་མིང་། ཇོ་མོ་རྗེ་མོ་རྗེ་རིགས་མ། སྐྱེ་དགུའི་བདག་མོ་སྐྱེ་དགུ་མ། ཞེས་བཤད་པ་ལྟར་རོ། ། 3 ཨ་མ། ཁྱིམ་དེའི་མ་རྒན།  4 བདག་ཅག་གི་སྟོན་པའི་ཡུམ་ཚབ་མཛད་པའི་སྲུ་མོ་སྒྱུ་འཕྲུལ་མའི་མིང་། བདག་ཅག་གི་སྟོན་པའི་མ་ཡུམ་སྒྱུ་མ་ལྷ་མཛེས་སམ་སྒྱུ་འཕྲུལ་ཆེན་མོ་ལ་སྲིང་མོ་རྒན་པ་སྒྱུ་འཕྲུལ་ཞེས་བྱ་བ་ཞིག་ཡོད་པ་དེ་ཡིན་ནོ། ། (ཡུམ་སྒྱུ་མ་ལྷ་མཛེས་སྟོན་པ་སངས་རྒྱས་འཁྲུངས་ནས་ཞག་བདུན་པ་ལ་འདས་ཞེས་འདུལ་བ་ལུང་གཞི་དང་རྒྱ་ཆེར་རོལ་པའི་མདོ་སོགས་སུ་གསལ) རྒྱ་ཆེར་རོལ་པའི་མདོ་ལས། དེ་ནས་རྒྱལ་པོ་ཟས་གཙང་མས་དེ་དག་ཐམས་ཅད་དང་མཐུན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཁྱིམ་དེ་ཀུན་ཏུའང་ཞུགས་པར་བྱས་ཏེ་ཟླ་བ་བཞི་ལོན་པ་ནས་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ཁྱིམ་དུ་ཞུགས་ཏེ་རིན་པོ་ཆེ་སྣ་ཚོགས་བཀོད་པ་ཞེས་བྱ་བའི་ཁང་བཟང་ཆེན་པོ་དེར་བྱང་ཆུབ་སེམས་དཔའ་ཞུགས་པར་གྱུར་ཏོ། །དེ་ན་ཤཱཀྱ་རྒན་རབས་རྒན་རབས་རྣམས་འདུས་ཏེ་བགྲོས་པ། ཕན་པའི་སེམས་དང༌། བྱམས་པའི་སེམས་ཀྱིས་ཡོན་ཏན་དང་ལྡན་པ་དང༌། འཇམ་པ་དང་ལྡན་པར་བྱང་ཆུབ་སེམས་དཔའ་བཙའ་བ་དང༌། བྱི་དོར་བྱ་བ་དང༌། ཉམས་སུ་བླང་པར་སུས་ནུས་ཞེས་བྱས་པ་དང༌། དེ་ན་ཤཱཀྱའི་བུ་མོ་ལྔ་བརྒྱ་ཙམ་སོ་སོ་ནས་འདི་སྐད་དུ་བདག་གིས་གཞོན་ནུའི་རིམ་གྲོ་བགྱིའོ། །བདག་གིས་གཞོན་ནུའི་རིམ་གྲོ་བགྱིའོ་ཞེས་ཟེར་རོ། །དེ་ན་ཤཱཀྱ་ཆེས་བགྲེས་ཆེས་བགྲེས་པ་དེ་དག་ན་རེ། བུ་མོ་འདི་དག་ཐམས་ཅད་ནི་བྱིས་པ་གཞོན་ནུ། ཐོར་བུ་གཞོན་ནུ་ལ་གཟུགས་དང་དར་ལ་བབ་པར་རྒྱགས་ཤིང་དྲེགས་པ་ཡིན་པས་འདི་དག་གིས་བྱང་ཆུབ་སེམས་དཔའ་ལ་དུས་དུས་སུ་རིམ་གྲོ་བྱ་བ་མི་ནུས་སོ། །སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ནི་གཞོན་ནུའི་སྲུ་མོ་སྟེ། འདིས་ནི་གཞོན་ནུ་བདེ་བ་དང་ལགས་པར་བསྐྱེད་པར་ནུས་སོ། །རྒྱལ་པོ་ཟས་གཙང་མའང་མཉེས་པར་ནུས་སོ་ཞེས་ཐམས་ཅད་གྲོས་གཅིག་ཏུ་འདུས་ཏེ། སྐྱེ་རྒུའི་བདག་མོ་ཆེན་པོ་གཽ་ཏ་མཱི་དད་པར་བྱས་ནས་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མཱི་གཞོན་ནུ་དེ་ལེགས་པར་བསྐྱེད་དོ། །ཞེས་གསུངས་སོ། །འདི་བུད་མེད་སྤྱི་དང་ལྷག་པར་རབ་བྱུང་མ་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན། འདིས་སྟོན་པ་ལ་ལན་གསུམ་རབ་ཏུ་དབྱུང་བར་གསོལ་བ་བཏབ་ཀྱང་མ་གནང་། མཐར་འཕགས་པ་ཀུན་དགའ་བོས་ངོ་ཆེན་མཛད་དེ་གསོལ་བ་བཏབ་པས་སྟོན་པས་གནང་སྟེ་སྐྱེ་དགུ་བདག་མོ་རབ་ཏུ་བྱུང་ཞིང་། དེ་ནས་བུད་མེད་རབ་ཏུ་བྱུང་བ་གནང་བ་ཡིན་ནོ། །འདི་སྐོར་དྲིན་ལན་བསབ་པའི་མདོ་༼ ཨཿ ༽༡༦༠ན༦ན་གསལ་ལོ། །སྒྲ་བཤད་ནི། སྐྱེ་དགུ་ནི་བུའི་ཚོགས་ཡིན་ལ། དེའི་བདག་མོ་ཡིན་པས་དེ་ལྟར་བརྗོད། རྒྱ་གར་གྱི་སློབ་དཔོན་དགེ་ལེགས་བཤེས་གཉེན་གསུང་བ་ལྟར་རོ། །