From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྐྱེ་མཆེད
|
Tibetan Definition
|
<ཨཱ་ཡ་ཏ་ན> རྒྱས་བྱེད་ཅེས་པ་སྟེ། སེམས་སེམས་བྱུང་སྐྱེ་བའི་སྒོའམ་རྒྱུར་གྱུར་པ་ལ་སྐྱེ་མཆེད་ཟེར། དབྱིག་གཉེན་མཛོད་རང་འགྲེལ་ལས། ངེས་པའི་ཚིག་ཏུ་ན་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ། རྒྱས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །དབྱེ་ན་སྐྱེ་མཆེད་བཅུ་གཉིས་ནི། མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣའི་སྐྱེ་མཆེད། ལྕེའི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། ཡིད་ཀྱི་སྐྱེ་མཆེད། གཟུགས་ཀྱི་སྐྱེ་མཆེད། སྒྲའི་སྐྱེ་མཆེད། དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་དང་བཅུ་གཉིས་སོ། །སྒྲ་བཤད་ནི། སེམས་སེམས་བྱུང་རྣམས་སྐྱེ་ཞིང་མཆེད་པ་སྟེ་རྒྱ་ཆེར་ཁྱབ་པའམ་འཕེལ་བའི་སྒོ་ཡིན་པས་དེ་སྐད་ཅེས་བྱའོ། །དེ་ཡང་གཟུགས་ཀྱི་དབང་པོ་སོགས་དབང་པོ་ལྔ་པོ་རྣམས་ཀྱིས་བདག་རྐྱེན་བྱེད་པའི་སྒོ་ནས་སྐྱེ་ཞིང་འཕེལ་བར་བྱེད་ལ། གཟུགས་ལ་སོགས་པ་ལྔས་དམིགས་རྐྱེན་བྱེད་པའི་སྒོ་ནས་སེམས་སེམས་བྱུང་རྣམས་སྐྱེ་བའི་ཕྱིར་རོ། །སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས། སྐྱེ་མཆེད་རྣམས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འབྱུང་བ་དང་། མཆེད་ཅིང་རྒྱས་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ། འདི་ལྟ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་བྱ་བ་རྣམས་སོ། །ཞེས་གསུངས་པ་ལྟར་རོ། །
|