From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མ
|
Tibetan Definition
|
སྐྱེས་བུ་ཆེན་པོའི་སྲུང་མ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ། སྐྱེས་བུ་འབྲིང་གི་སྲུང་མ་རྣམ་སྲས། སྐྱེས་བུ་ཆུང་ངུའི་སྲུང་མ་ལས་གཤིན་དང་གསུམ་མོ། །དེ་གསུམ་སྐྱེས་བུ་གསུམ་གྱི་སྲུང་མར་འཇོག་པའི་རྒྱུ་མཚན་ནི། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དངོས་ཡིན་པས་དེ་ཉིད་ཆོས་སྐྱོང་དུ་བསྟེན་ན་སྐྱེས་བུ་ཆེན་པོའི་སྐབས་བྱམས་སྙིང་རྗེ་མྱུར་དུ་སྐྱེ་བ་ལ་གནད་ཆེ་བ་དང་། འབྲིང་གི་སྐབས་བསླབ་པ་གསུམ་དང་། ལྷག་པར་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་ཉམས་སུ་ལེན་དགོས་ཤིང་། རྒྱལ་ཆེན་རྣམ་ཐོས་སྲས་ཀྱིས་སྔོན་སྟོན་པའི་སྤྱན་སྔར་འདུལ་བ་དང་དེའི་བརྗོད་བྱ་ཚུལ་ཁྲིམས་ཀྱི་བསླབ་པ་སྲུང་བར་ཞལ་གྱིས་བཞེས་པས་དེ་ཉིད་བསྟེན་ན་དེ་ལྟ་བུའི་ལམ་རྒྱུད་ལ་སྐྱེ་བའི་གནད་ཆེ། ཆོས་རྒྱལ་གཤིན་རྗེ་ནི་སྐྱེས་འགྲོ་ཀུན་ལ་མི་རྟག་པ་སྟོན་ཅིང་དགེ་སྡིག་གི་སྟངས་འཛིན་ལས་འབྲས་ཀྱི་རྣམ་དབྱེ་སྟོན་པ་པོ་ཡིན་པས་དེ་ཉིད་ཆོས་སྐྱོང་དུ་བསྟེན་ན་འཆི་བ་མི་རྟག་པ་དང་ལས་འབྲས་སོགས་སྐྱེས་བུ་ཆུང་ངུའི་རྟོགས་པ་རང་རྒྱུད་ལ་སྐྱེ་སླ་བའི་དགོས་པ་ཡོད་པས། སྐྱེས་བུ་གསུམ་གྱི་སྲུང་མ་ཞེས་བརྗོད་དོ། །རྗེ་ཙོང་ཁ་པ་ཆེན་པོའི་གསུང་ཐོར་བུ་༢༠༧ན༡ལས། སྒྲུབ་པི་ཆོས་སྐྱོང་ལ་མདོ་རྒྱུད་གཞན་ནས་གསུངས་པའི་བཀའ་སྡོད་ཁྱད་པར་ཅན་ཤིན་ཏུ་མང་ཞིང་འགངས་ཆེ་མོད། དེ་ལྟ་ནའང་གོང་དུ་བཤད་པ་མྱུར་བའི་དབང་དུ་བྱས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་མཐུན་པ་ཞིག་ངེས་པར་དགོས་པ་ཡིན་ལ། དེ་ལ་སྐྱེས་བུ་སྐྱེས་བུ་ཆུང་ངུའི་བསམ་པ་ནི་འཇིག་རྟེན་འདིར་ཡུན་རིང་དུ་མི་གནས་པ་དང་། འཆི་བ་མི་རྟག་པ། ལས་འབྲས། འཁོར་བའི་ཉེས་དམིགས་བསམ་ཞིང་། དེ་ལས་བསྐྱབ་པའི་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་བསམ་ཞིང་རྒྱུད་ལ་སྐྱེ་དགོས་པས། འདི་རྒྱུད་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ནི་འཆི་བདག་གམ། དགེ་སྡིག་གི་དཔང་པོའམ། སྡིག་པ་ཅན་གྱི་ཆད་ལས་མཁན་ནམ། དགེ་བ་ཅན་གྱི་སྟངས་འཛིན་པའམ། ལས་རྒྱུ་འབྲས་གསལ་བྱེད་ཀྱི་མེ་ལོང་། ལེགས་ཉེས་ཚུལ་བཞིན་དུ་སྤྱོད་པའམ་ཆོས་བཞིན་དུ་སྤྱོད་པས་ཆོས་རྒྱལ་ཞེས་བྱ་ཞིང་། ལས་དཀར་ནག་གི་རྗེས་སུ་འཇུག་པས་ན། ལས་ཀྱི་གཤིན་རྗེ་ཞེས་བྱའོ། །དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་འདི་རྣམས་ལམ་གསུམ་གའི་རྩ་ཡིན་པས། འདི་རྒྱུད་ལ་བསྐྱེད་པའི་ཕྱིར་དུ་ལས་གཤིན་བསྟེན་པར་བྱའོ། །སྐྱེས་བུ་འབྲིང་གི་བསམ་པ་ནི། འཇིག་རྟེན་ཕྱི་མ་བདེ་བའི་ཐབས་སུ་མ་ཟད། འཁོར་བ་མཐའ་དག་མེ་འོབས་ལྟ་བུར་མཐོང་ནས། དེ་འབྲལ་འོདད་ཀྱི་ཐར་པ་དོན་གཉེར་གྱི་བློ་ངེས་འབྱུང་གི་བསམ་པ་ཅན་ཡིན་ལ། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་ནས། དེ་ལ་ཡིད་སྐྱོ་ཞིང་ངེས་པར་འབྱུང་བའི་བསམ་པ་ནི་ཚུལ་ཁྲིམས་བསླབ་པའི་གཙོ་བོ་ཡིན་ཞིང་། འདི་གཉིས་དོན་གཅིག་པས་སོ། །དེས་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བསྟེན་དགོས་ཏེ། འདི་སྡེ་སྣོད་གསུམ་གྱི་ནང་ནས་འདུལ་བའི་སྡེ་སྣོད་ཀྱི་སྲུང་མའམ། བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་བསྲུང་བའོ། །སྐྱེས་བུ་ཆེན་པོའི་བསམ་པ་ནི། རང་ཉིད་འཁོར་བ་ལས་ཐར་པ་ཙམ་གྱིས་མི་ཆོག་པར། མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཡིན་ལ། དེ་རྒྱུད་ལ་སྐྱེ་བའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྲུལ་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བསྟེན་པར་བྱའོ། །ཞེས་གསུངས་སོ། །ལོ་རྒྱུས་ཀྱི་བཤད་སྲོལ་ལ། རྒྱུད་སྟོད་པས་ཆོས་སྐྱོང་མགོན་པོ་བསྟེན་པས་དགེ་འདུན་པ་རྣམས་ཐུགས་རྒྱུད་འཇམ་པོ་འོང་ཞེས་བགྲེས་པ་དག་གི་ཞལ་ལས་ཐོས་ཤིང་། ངེད་རང་ཕྱི་ལོ་༡༩༩༣ལོར་རྒྱུད་སྟོད་དུ་ཆོས་གྲྭ་འགྲིམ་སྐབས་ཡང་དངོས་སུ་ཉམས་མྱོང་བྱུང་ཞིང་། རྒྱུད་སྟོད་པའི་བསྐྱེད་རིམ་པ་དང་དགེ་བཤེས་རྣམས་ཧ་ཅང་ཐུགས་ནང་ཧ་ཅང་མཐུན་པོ་ཡོད་པའང་དེ་འདྲ་ཞིག་གི་འཕྲུལ་ཡིན་པར་སྣང་ངོ་། །
|