From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྔགས
|
Tibetan Definition
|
<མནྟྲ> 1 མནྟྲ་ཞེས་པ་ནི་ཡིད་སྐྱོབ་ཅེས་པ་ཡིན་ལ། དེའི་དོན་ནི། སྣོད་མིན་ལ་གསང་ཞིང་སྦས་པས་འགྲུབ་པ་དང་། ཐབས་ཤེས་ཁྱད་པར་ཅན་གྱིས་ཡིད་ཐ་མལ་གྱི་སྣང་ཞེན་ལས་སྐྱོབ་བྱེད་ཀྱི་ཐབས་ལམ་ཞིག་ལ་ཟེར། སྒྲ་བཤད་ནི། ཡང་ཡང་ཟློས་ཤིང་འདོན་པས་ན་སྔགས་ཞེས་བྱ་སྟེ། རྗེའི་འགྲེལ་པ་བཞི་སྦྲགས་ལས། དེ་ཁོ་ན་ཉིད་ཟློས་ཤིང་འདོན་པས་ན་སྔགས་ཏེ། ཞེས་གསུངས་པ་ལྟར་རོ། །དེས་ན། སྔགས་དང་། ངག བརྗོད་པ། ཟློ་བའམ་བཟླ་བ། འདོན་པ་རྣམས་ནི་དོན་གཅིག་གོ། རྒྱས་པར་གསང་སྔགས་ཞེས་པའི་ཐད་དུ་གཟིགས། སྔགས་ནི། ཆགས་བྲལ་གྱི་ལམ་རྣལ་མ་ནས་དྲང་དུ་མ་བཏུབ་པའི་གང་ཟག་ཆགས་ཅན་རྣམས་འདུལ་བའི་དོན་དུ་གསུངས་ཤིང་། ཉོན་མོངས་ལམ་དུ་བྱས་ནས་སྤོང་བ་ཡིན། དེ་ཉམས་སུ་ལེན་ཚུལ་འཕྱུགས་ན། ཉོན་མོངས་རང་དགའ་བར་འཆོར་ཉེན་ཡོད་པས། སྔགས་ཁེ་ཉེན་ཆེ་བའི་གནད་ཀ་ཡང་དེ་ཡིན་པར་གསུང་ངོ་། །ལོ་རྒྱུས་ནང་ཡོངས་གྲགས་སུ་འཁོད་པའི་ཐུན་སྣང་དུ་གྲུབ་པའི་སྟོན་པ་ཤཱཀྱ་ཐུབ་པ་ནི་གཅིག་ཁོ་ན་ཡིན་ལ། དེའི་འཁོར་གྱི་གཙོ་བོ་ཡང་ཚངས་པར་སྤྱོད་པ་རབ་ཏུ་བྱུང་བ་ཁོ་ན་ཡིན་ཞིང་། སྟོན་པའི་བསྟན་པ་ཡང་རྣལ་མ་རྩོད་མེད་ཡོངས་གྲགས་སུ་གྲགས་པ་ནི་གཞུང་སྡེ་སྣོད་རིན་པོ་ཆེ་གསུམ་ཡིན། གསང་སྔགས་ནི་གང་ཟག་གི་བྱེ་བྲག་ཁ་ཅིག་ལ་དགོངས་ནས། གནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ལ་སོགས་པར་ལྐོག་ཆོས་སུ་གསུངས་པ་ཡིན། སྔགས་སུ་རུང་རུང་གིས་ཐུན་མོང་དུ་སྤྱད་པའི་ཡུལ་མ་ཡིན་པས། རྒྱུད་ཐམས་ཅད་དཀྲུགས། ལུང་ཐམས་ཅད་གཅུས། མན་ངག་ཐམས་ཅད་སྦས། གཞུང་ཐམས་ཅད་རྡོ་རྗེའི་ཚིག་གིས་རྒྱས་བཏབ་ནས་ཡོད་པས། འདིའི་དགོངས་པ་ལོན་པ་ཤིན་ཏུ་དཀའ་ཞིང་། མུ་སྟེགས་པའི་གཞུང་དང་ཡང་ཤིན་ཏུ་དབྱེ་དཀའ་བ་ཡིན་པར་བཀའ་གདམས་པའི་དགེ་བཤེས་རྣམས་གསུང་ངོ་། །ཉམས་སུ་ལེན་ཚུལ་མ་ནོར་བ་བྱུང་ན་ནི་འཚང་རྒྱ་བ་ལ་འདི་བས་མྱུར་ཁྱད་ཆེ་བའི་ལམ་ཞིག་མེད། ངེས་ཚིག་ནི། མཱ་ན་ཡིད་དང་། ཏྲཱ་ཡ་ནི་སྐྱོབ་པ་ཡིན་པས་ངན་འགྲོ་སོགས་ཀྱི་སྡུག་བསྔལ་ལས་ཡིད་སྐྱོབ་པས་ན་སྔགས་ཞེས་བྱའོ། །རྗེའི་འགྲེལ་པ་བཞི་སྦྲགས་ན་གསལ། ཡང་ན། ཡིད་ཐ་མལ་གྱི་སྣང་ཞེན་ལས་སྐྱོབ་པས་ཡིད་སྐྱོབ་ཅེས་ཀྱང་བྱའོ། ། 2 སྔགས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བདག་ཉིད་ལ་བྱའོ། །ཞེས་རོང་ཟོམ་ཆོས་བཟང་གསུང་། 3 ཡི་གེའི་གཟུངས། གཟུངས་སྔགས། 4 (འདུལ་བ) འདུལ་བའི་གཞུང་དུ་སྔགས་སམ་སྔགས་ཚིག་ཅེས་འབྱུང་བ་ནི། གསོལ་བ་འདེབས་པའི་ཚིག་གམ་ཞུ་འབུལ་གྱི་ཚིག་གི་དོན་ཡིན། རྒྱས་པར་སྔགས་ཚིག་ཅེས་པའི་ཐད་དུ་གཟིགས། 5 ཚིག དཔེར་ན་སྡུག་བསྔལ་བའི་ཚིག་ལ་སྨྲེ་སྔགས་ཞེས་པ་ལྟ་བུ།
|