12404

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:02, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྙིང་རྗེ་ཆེན་པོ
Tibetan Definition (ཕར་ཕྱིན) བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་པ་ལ་མ་དེ་སྙིང་རྗེ་ཇི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་རང་གི་ངང་གིས་སྐྱེ་བའི་བརྩེ་བ་དེ། སྙིང་རྗེ་ཆེན་པོའི་མཚན་ཉིད། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱིས། བུ་གཅིག་པའི་མས་རང་གི་བུ་ལ་ཇི་ལྟར་སྙིང་བརྩེ་བའི་ཚོད་ཙམ་ཞིག་སེམས་ཅན་ཐམས་ཅད་ལའང་རང་གི་ངང་གིས་སྐྱེ་བའི་བརྩེ་བ་དེ། སྙིང་རྗེ་ཆེན་པོའི་མཚན་ཉིད་དུ་གསུངས་པའང་དེ་དང་འདྲའོ། །རྗེའི་ལམ་རིམ་ཆེན་མོ་ལས། དེ་ལ་སྙིང་རྗེ་སྐྱེས་པའི་ཚད་ནི། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལའང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ་དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་འཐོབ་སྟེ། ཞེས་བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་པ་ལ་མ་དེ་སྙིང་རྗེ་ཇི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེ་བ་ན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བར་གསུངས་སོ། །འདིས་བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་རིག་པར་བྱའོ། །ཞེས་གསུངས་སོ། །རྗེའི་ལམ་རིམ་དུ་འདི་སྙིང་རྗེ་ཆེན་པོ་སྐྱེས་པའི་ཚད་དུ་བཤད་ཀྱང་འདི་དང་འགལ་བ་མེད་དོ། །སྙིང་རྗེ་སྒོམ་པའི་གོ་རིམ་ནི། རྗེའི་ལམ་རིམ་ལས། ཐོག་མར་མཛའ་བཤེས་དང་དེ་ནས་བར་མ་དང་དེ་ནས་དགྲ་ལ་བསྒོམ་སྟེ། མཛའ་བཤེས་དང་འདྲ་བར་དགྲ་ལའང་སེམས་སྙོམས་པར་འཇུག་པའི་ཚེ། རིམ་གྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལའང་བསྒོམ་མོ། །ཞེས་གསུངས། སྒྲ་བཤད་ནི། གཞན་ལ་བརྩེ་བའི་བསམ་པ་ཡིན་པས་ན་སྙིང་རྗེ་དང་། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་པས་ན་ཆེན་པོ་ཞེས་བྱ་སྟེ། འཇུག་པ་རང་འགྲེལ་ལས། སྙིང་རྗེ་ཆེན་པོ་ཞེས་པ་ལ། ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པས་སོ། །ཞེས་གསུངས་སོ། ། སྙིང་རྗེ་ཆེན་པོ་ལ་དབྱེ་ན། སེམས་ཙམ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་གསུམ་མོ། །དེ་གསུམ་གྱི་ཁྱད་པར་ཞིབ་པར་སྙིང་རྗེ་གསུམ་ཞེས་པའི་ཐད་དུ་གཟིགས།